[A:༨༢]དང༌། རྒྱུད་སྡེ་ནས་གསུངས་པའི་ཡི་དམ་གྱི་ལྷ་མང་པོའི་དབང་བསྐུར་བ་དང༌། བྱིན་རླབས་དང༌། རྗེས་གནང་དང༌། རིག་གཏད་ལ་སོགས་པ་ཤིན་ཏུ་མང་པོ་དང༌། དེ་རྣམས་ཀྱི་མན་ངག་དུ་མ་དང༌། བླ་མ་གོང་མའི་བཀའ་འབུམ་གྱི་ལུང་ལ་སོགས་པ་མདོར་ན་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རྒྱུན་ཆད་མེད་པར་བསྐོར་ཏེ་འགྲོ་བ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཁྲིད་ཅིང༌། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་ཟླ་འོད་ཀྱི་ཐུར་མས་ཕྱེས་པའི་མེ་ཏོག་ཀུ་མུ་དཱའི་ཚལ་བཞིན་དུ་ཆེས་ཆེར་རྒྱས་པར་མཛད་པ་ཡིན་ནོ། །གཞན་ཡང་དགུང་ལོ་ཉེར་དྲུག་པ་ལྕགས་ཁྱི་ལོར་ས་སྐྱར་ཁྲི་མཇལ་དུ་ཕེབས་ཏེ། ས་སྐྱ་གཞུང་དུ་མཎྜལ། སྐུ་གསུང་ཐུགས་རྟེན། དར། རས། ལིང༌། གོས་ཆེན་ལ་སོགས་པའི་ཚན་གྲངས་མང་པོ་དང༌། རིན་ཆེན་གཉིས་པ་སྲང་ལྔ་བཅུ་སྐོར་དང༌། མ་ཧཱ་ཙི་ནའི་ཡུལ་གྱི་ལྗོན་འདབ་འཁོར་དྲུག་བརྒྱད་དང༌། ཆིབས་པ་ལ་སོགས་པའི་དངོས་འབུལ་རྒྱ་ཆེ་བ་དང༌། འཇམ་མགོན་དབང་བསྡུད་སྙིང་པོ་དང༌། གདུང་སྲས་རིན་པོ་ཆེ་སོགས་སྐུ་སྒེར་སོ་སོར་ཡང་འབུལ་བ་གང་ཟབ་དང༌། ལྷ་ཁང་རྣམས་སུའང་མཆོད་འབུལ་གཏོས་ཆེ་བར་མཛད་ཅིང༌། བསྟན་པ་སྤྱི་དང་བྱེ་བྲག་ཐམས་ཅད་དར་རྒྱས་འབྱུང་བའི་སྨོན་ལམ་རྒྱ་ཆེར་འདེབས་པར་མཛད་དོ། །དེ་མིན་གདན་ས་འཛིན་པའི་རིང་ཕྱོགས་གང་དུའང་མ་ཕེབས་པར་ངོར་རང་དུ་བཞུགས་ཤིང༌། དགོན་པའི་སྒྲིག་ཁྲིམས་བསྲུང་བ་དང༌། རྒྱུན་གྱི་དུས་ཇ་ལ་སོགས་པ་ལོ་ཟླ་དུས་མཆོད་ཀྱི་རིགས་རྣམས་དང༌། དགེ་འདུན་ལ་བསྙེན་བཀུར་སྟོབ་པ་སོགས་ཉམས་ཆག་སྤུ་ཙམ་མ་སོང་བའི་ཁར་སྔར་ལས་གོང་འཕེལ་དུ་མཛད་པ་དང༌། རང་ཞབས་ཀྱི་མི་སེར་ཕྲན་ཡོད་རྣམས་ཀྱི་འཚོ་སྐྱོང་དང་མགོ་འདོན་སོགས་ཀྱང་ཕུལ་ཕྱིན་དུ་མཛད་པ་སོགས་