R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༨༡
[A:༨༡]སྨད་ཀྱི་ཕྱོགས་སུ་བྱོན་ནས་འགྲོ་བ་རྣམས་སྨིན་གྲོལ་ལ་བཀོད་པའི་ཚུལ། འབྲེལ་ཚད་དོན་དང་ལྡན་པའི་ཆེད་དུ་དབུས་གཙང་དག་པའི་ཞིང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཏེ་རྣམ་དཀར་གྱི་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ། སླར་ཡང་བོད་ཆེན་པོའི་ལྗོངས་སུ་བྱོན་ནས་འགྲོ་དོན་ཇི་ལྟར་མཛད་པའི་ཚུལ་ལོ། །དང་པོ་ནི། དེ་ལྟར་རྒྱལ་བ་གཉིས་པའི་རྒྱབ་ཚབ་ཏུ་མངའ་གསོལ་མ་ཐག་ནས། ལོ་དེར་འདུས་པའི་དོན་གཉེར་རྣམས་ལ་གསུང་ངག་རིན་པོ་ཆེའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དབུ་འཛུགས་པར་མཛད། དེ་ནས་བཟུང་སྟེ་དགུང་ལོ་ཉེར་དགུ་པ་ཆུ་གླང་ལོའི་བར་གདན་ས་ལོ་བཞིར་མཛད། དེའང་ལྕགས་ཁྱི་ལོར་བལ་བོད་དམག་འཁྲུགས་ཀྱི་རྐྱེན་གྱིས་དབུས་གཙང་ཀུན་ཏུ་འབྲུམ་ནད་ཅིག་བྱུང་བར། རྗེ་འདིའང་བསྙུན་ཚུལ་བཞེས་པས་ལོ་དེར་བཀའ་ཆོས་གནང་མ་ཐུབ་པར་བརྟེན། མཁས་གྲུབ་ངག་དབང་དམ་ཆོས་མཁན་ཚབ་ཏུ་མངའ་གསོལ་ཏེ། གསུང་ངག་ལམ་འབྲས་ཀྱི་དབང་ཁྲིད་ཡོངས་སུ་རྫོགས་པར་སྩལ། དེ་མིན་ལོ་རེ་བཞིན་སྟོད་མངའ་རིས། བར་དབུས་གཙང༌། སྨད་མདོ་ཁམས་རྣམས་ནས་གདུལ་བྱ་སྐལ་བ་དང་ལྡན་པ་མང་དུ་འདུས་པ་རྣམས་ལ་དགུན་གྱི་དུས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང་ཁྲིད་ཡོངས་སུ་རྫོགས་པ་ཚར་གསུམ་དང༌། དཔྱིད་ཀྱི་དུས་ལོ་རེ་བཞིན་ཕྱོགས་མཐའ་དག་ནས་འདུས་པའི་དོན་གཉེར་ཉིས་བརྒྱ་སྐོར་ལས་མི་ཉུང་བར། དགེ་བསྙེན་དང༌། དགེ་ཚུལ་དང༌། དགེ་སློང་གི་སྡོམ་པ་རྣམས་སོ་སོའི་ཆོ་ག་རྣམ་པར་དག་པའི་སྒོ་ནས་སྩལ་ཏེ་བསྟན་པ་རིན་པོ་ཆེའི་སྒོར་འཇུག་པར་མཛད་ཅིང༌། དེ་དག་གི་སྐབས་གསེང་རྣམས་སུའང་གདུལ་བྱ་སོ་སོའི་མོས་པ་དང་མཐུན་པར་ཐེག་པ་ཆེན་པོའི་སེམས་བསྐྱེད་ཀྱི་སྡོམ་པ་དང༌། བློ་སྦྱོང་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པའི་ཆོས་མང་པོ་