[A:༨༧]འབྱུང་བར་ལུང་བསྟན་ཞིང༌། དེའི་རྐྱེན་གྱིས་ཁམས་ཕྱོགས་སུ་འབྱོན་པར་ཞལ་གྱིས་བཞེས་སོ། །ཞེས་ཀྱང་ཟེར་རོ། །དེ་ནས་ཨེ་ཝྃ་པའི་བླ་ཁག་ཁང་ཚན་དང་བཅས་པ་ཐམས་ཅད་ཀྱིས་གཟིམ་ཕྲུག་ཁང་དཔོན་སློབ་ངག་དབང་དམ་ཆོས་པར་མཁན་པོ་མཛད་གྲོགས་ཞུས་ཀྱང་ཞལ་བཞེས་གཏན་ནས་མ་མཛད་པར་བརྟེན། རེ་ཞིག་བླ་ཁག་རྣམས་ལོ་རེ་བཞིན་རེས་མོས་མཛད་རྒྱུར་ཐག་ཆོད་དེ། དགུང་ལོ་ཉེར་དགུ་པ་ཆུ་གླང་ལོའི་མཇུག་ཏུ་ས་སྐྱའི་སྐུ་ཚབ་དང་བཅས་ཏེ་རྩིས་སྤྲོད་ཀྱི་སྐོར་རྣམས་མ་དེབས་གཞིར་བཞག་ནས་སྔར་ཚུར་རྩིས་བླངས་པ་ལྟར་ལས་ཉམས་ཆག་སྤུ་ཙམ་མ་སོང་བའི་ཁར་གསར་འཕར་གྱི་སྦྱོར་འཇགས་ལ། མགོན་ཁང་ནུབ་ཏུ་ལོ་དར་བཞིན་སྐོང་བརྒྱའི་སྐབས་བཤམ་རྒྱུའི་ཆོས་སྲུང་རྣམས་ཀྱི་སྤྱན་གཟིགས་སུ། རྒྱ་དངུལ་རྡོ་ཚད་རྟ་རྨིག་མ་འདེགས་ལོང་སྤུས་ལྡན་གཅིག་དང༌། གཟི་ནར་ཉེར་གཉིས། གཟི་རིལ་བཞི། བྱེ་རུ་ཆེ་ཆུང་སོ་བཞི། སྤོས་ཤེལ་ཆེ་ཆུང་ལྔ་སོགས་ཡོད་པའི་གཟི་ཞགས་ཁྱད་མཚར། མཛོད་གོས་རྒྱལ་ཆེན་ཁྲབ་རིས་མ་དཀར་པོ་ཡུག་བཅས་དང༌། བླ་གཞུང་གཡབ་ཆེན་དུ། རྒྱ་དངུལ་ཐུར་སྲང་ལྔ་བཅུ་དང་འདམ་ག་བྱས་པའི་རྒྱ་སིལ་རྙིང་མ་ཆེ་ལེགས་ནང་སྒྲིལ་བར་ཚང་ཤུབས་དང་བཅས་པ། ཟངས་ཀྱི་དུང་ཆེན་སྤུས་ལེགས་ཆ་བཅས་དང༌། སྒྲུབ་མཆོད་ཆེན་མོའི་སྐབས་བཤམ་རྒྱུའི་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་ལ་རྒྱན་བཞི་རྐེད་ཁྲས་མཐོངས་བྱས་པའི་ཡོལ་བ་ཤིན་ཏུ་སྤུས་ལེགས་གཅིག །ཡང་ངོ་བོ་དངོས་སྟོངས་སུ་མ་སོང་བར་རྩིས་སྤྲད་རྒྱུ་དང༌། སྐྱེད་གང་བྱུང་བླ་གཞུང་རང་གི་གཏོང་སྒོའི་ཞལ་འདེབས་བྱ་རྒྱུར་ཆུང་ཇ་སྤུས་ལེགས་འཁོར་དྲུག་ཉི་ཤུ་རྩ་ལྔ་སོགས་གཏན་གཞག་གཏོས་ཆེ་བ་དང་བཅས་ཏེ་བླ་བྲང་ཕུན་ཚོགས་ཁང་གསར་བར་