[A:༨༨]རྩིས་སྤྲད། ཁང་གསར་གྱིས་བླ་བྲང་ལོ་གཅིག་བཟུང༌། ཆོས་ཀྱི་འཁོར་ལོ་བསྐོར་བ་རྣམས་ཞབས་དྲུང་རིན་པོ་ཆེ་བསོད་ནམས་བསྟན་འཛིན་པས་མཛད། དེ་ནས་ཁང་སེར་གྱིས་བླ་བྲང་ལོ་གཅིག་བཟུང༌། ཆོས་ཁང་སེར་དབོན་ཤཱཀྱ་ཕུན་ཚོགས་པས་སྩལ། དེ་རྗེས་ཀླུ་སྡིངས་ཀྱིས་ལོ་གཅིག་བཟུང༌། བཀའ་ཆོས་རྣམས་ངག་དབང་དམ་ཆོས་པས་སྩལ། དེ་ནས་ཕན་ཁང་གིས་ལོ་གཅིག་བཟུང༌། བཀའ་ཆོས་ཞབས་དྲུང་རིན་པོ་ཆེ་ངག་དབང་བསྟན་པ་རིན་ཆེན་པས་སྩལ། དེ་སྐབས་འབྲས་ཡུལ་སྐྱེད་ཚལ་གྱི་འབུམ་རབ་འབྱམས་པས། ངོར་ནས་མཁན་པོ་འཛིན་འདོད་ཅན་སུ་ཡང་མ་མཆིས་གཤིས། ཁོང་གིས་མཁན་པོ་མཛད་ཆོག་པ་ཞིག་ས་སྐྱར་སྙན་སྦྲོན་ཕུལ་ཀྱང༌། ངོར་པ་རྣམས་ཀྱིས་དེ་ལྟར་གྱུར་ཚེ་དགོན་པའི་གཏོང་སྒོ། སྒྲིག་ལམ། རྩིས་སྤྲོད་སོགས་གང་ཐད་ནས་མི་ལེགས་ཚུལ་ཟེར་བར་བརྟེན། གཟིམ་ཕྲུག་ཁང་ངག་དབང་དམ་ཆོས་པས་མཁན་པོ་ཞལ་བཞེས་མཛད་པ་ཡིན་ནོ། །དེ་དག་ནི་ཞར་ལས་བྱུང་བའི་གཏམ་མོ། །གོང་ལྟར་རྩིས་སྤྲོད་རྣམས་གྲུབ་ནས། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱར་བྱོན། འཇམ་མགོན་དབང་བསྡུད་སྙིང་པོ་ཡབ་སྲས་སོགས་སྐུ་ངོ་རྣམས་སུ་སྐྱབས་འཇུག་ཞུ་མཚོན་གྱི་འབུལ་བ་དང༌། ལྷ་ཁང་རྣམས་སུ་སྤོས། མར་མེ། ཞལ་ཟས་སོགས་མཆོད་འབུལ་རྒྱ་ཆེ་བ་དང༌། ཕྱག་དང༌། སྐོར་བ་དང༌། སྨོན་ལམ་སོགས་ཞིབ་པར་མཛད། འཇམ་མགོན་དབང་སྡུད་སྙིང་པོའི་དྲུང་ནས། བདག་ཆེན་རྒྱ་གར་བའི་ཕྲིན་གཞུང་དྲེགས་པ་ཟིལ་གནོན་དང༌། སྔགས་འཆང་ཀུན་རིན་པའི་དབང་ཆོག་མཐོང་བ་རང་གྲོལ་སོགས་ཀྱི་སྟེང་ནས་གུ་རུ་དྲག་དམར་ཉང་ལུགས་ཀྱི་དབང་དང༌། སྔགས་འཆང་ཀུན་རིན་གྱི་ཡིག་ཆའི་སྟེང་ནས་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང༌།