[A:༨༦]སྦྱིན་གྱི་སྡེ་དཔོན་ལག་ན་རྡོ་རྗེའི་རྣམ་འཕྲུལ་དུ་ལུང་གིས་ཟིན་པའི་མི་བདག་སའི་ཚངས་པ་ཆེན་པོ་སྡེ་དགེ་བླ་ཆེན་བྱམས་པ་ཕུན་ཚོགས་པའི་སྐུ་རིང་ལ། ངོར་ནས་མཁན་ཆེན་ཐམས་ཅད་མཁྱེན་པ་དཔལ་མཆོག་རྒྱལ་མཚན་པ་སྤྱན་དྲངས་ཏེ་རིགས་ཀྱི་ཅོད་པན་གཅིག་པུར་མངའ་གསོལ་བ་ནས་བརྩམས། སྡེ་དགེའི་རྒྱལ་རབས་རིམ་ཅན་གྱི་དབུའི་མཆོད་ནས་སུ་ངོར་ནས་མཁན་རབ་རེ་གདན་དྲངས་ཏེ་ཆོས་དང་སྲིད་ཀྱི་ཕྲིན་ལས་ཀྱི་གདུགས་དཀར་པོས་ཡངས་པའི་རྒྱལ་ཁམས་ཐམས་ཅད་ཁྱབ་པར་མཛད་པ་ཡིན་གཤིས། ད་ལན་ཀྱང་དབུའི་མཆོད་གནས་དེ་ངོར་ནས་གདན་འདྲེན་ཞུ་བའི་ཐུགས་འདུན་ཆེས་ཆེར་རྒྱས་ཤིང༌། དེ་སྐབས་ངོར་ནས་མཚན་སྙན་གྲགས་ཆེ་བ་ནི་རྗེ་འདི་དང༌། ཁང་གསར་ཞབས་དྲུང་རིན་པོ་ཆེ་བསོད་ནམས་བསྟན་འཛིན་གཉིས་ཡིན་པར་བརྟེན། དཔལ་ས་སྐྱའི་འཇམ་མགོན་ཆེན་པོས་གཙོ་མཛད་པའི་བླ་མ་མང་པོར་ཐུགས་བརྟག་དང༌། རྟེན་གསུམ་ཁྱད་པར་ཅན་རྣམས་ཀྱི་དྲུང་དུ་བརྟག་སྒྲིལ་ཞུས་པར་ཐམས་ཅད་མཐུན་པར་རྗེ་འདི་གདན་དྲངས་ན་རྒྱལ་པོའི་ཐུགས་དགོངས་རྫོགས་པ་སོགས་གང་ཅིར་ལེགས་ཚུལ་བྱུང་བར་བརྟེན། རྗེ་འདི་གདན་འདྲེན་ཞུ་བར་ནང་བློན་ཆེན་པོ་ཕྱག་ཚའི་བསོད་ནམས་དབང་རྒྱལ་དང༌། མདུན་སྐོར་གྲགས་པའི་ཀར་སྐྱབས་དཔོན་འཁོར་རྣམས་བརྫོང་བདའ་མཛད་ཅིང༌། ཁོང་རྣམས་ཀྱིས་ཀྱང་རིམ་གྱིས་གཞུང་ས་དང་ས་སྐྱ་རྣམས་སུ་ཕྱིན་ཏེ། རྗེ་འདིས་ངོར་གྱི་མཁན་ས་བཞག་ཆོག་པའི་དགོངས་ཁྲོལ་དང་མདོ་ཁམས་སུ་ཕེབས་དགོས་པའི་བཀའ་ཤོག་བཅས་ཞུས་ཏེ་ངོར་དུ་འབྱོར་བར། རྗེ་འདི་ལ་མདོ་ཁམས་སུ་འབྱོན་པའི་ཞུ་བ་ནན་ཆགས་སུ་ཕུལ་བ་བཞིན་མཐར་ཞལ་གྱིས་བཞེས་ཤིང༌། འགའ་ཞིག་གིས་ནི་རྗེ་འདི་ལ་གནོད་སྦྱིན་བེཀྩེས་ཞལ་བསྟན་ཏེ། མདོ་ཁམས་སུ་བྱོན་ན་བསྟན་འགྲོའི་དོན་རྒྱ་ཆེན་པོ་