R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༨༩
[A:༨༩] སངས་ཕུན་དང་སྔགས་འཆང་ཀུན་རིན་གྱི་ཡིག་ཆའི་སྟེང་ནས་ཕྱག་རྡོར་གཏུམ་ཁྱུང་གི་རྗེས་གནང་བཅས་དང༌། རྗེ་བཙུན་མ་འཆི་མེད་བསྟན་པའི་ཉི་མ་ལས། དཀོན་ལྷུན་གྱི་སྒྲུབ་ཐབས་དང༌། ཐར་པཎ་གྱི་རྗེས་གནང་གི་ཡི་གེ་བཅས་ཀྱི་སྟེང་ནས་སོ་འབྲང་གི་རྗེས་གནང་བཅས་གསན་ནས་ངོར་དུ་བྱོན། ཁམས་སུ་ཕེབས་ཆས་སྐོར་རྣམས་ཉེར་བསྡོགས་མཛད་པ་དང༌། དོན་གཉེར་སོ་སོའི་མོས་པ་དང་བསྟུན་པའི་ཆོས་ཀྱི་བདུད་རྩི་ཡང་ཅི་རིགས་པར་སྩལ། ངོར་གྱི་ལྷ་ཁང་རྣམས་སུ་མཆོད་འབུལ་རྒྱ་ཆེ་བ་དང༌། སྨོན་ལམ་ཞིབ་པར་མཛད། མགོན་ཁང་རྣམས་སུ་སྐོང་ཕྲིན་དང༌། ཡུལ་ལྷར་བསང་མཆོད་སོགས་རྒྱས་པར་མཛད་ཅིང༌། དེར་བཞུགས་ཀྱི་བླ་གྲྭ་རྣམས་ལ་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་དང༌། བསྟན་པ་དང་སེམས་ཅན་ལ་ཅི་ནུས་ཀྱིས་ཕན་གདགས་དགོས་པའི་ཞལ་ཏ་བཟང་པོ་སྩལ་ཏེ་དགུང་ལོ་སུམ་ཅུར་ཕེབས་པ་ལེགས་སྦྱར་གྱི་སྐད་དུ་ཨཱ་ནནྡ་ཞེས་པ་ཀུན་དགའ་སྟེ་རྒྱ་རྩིས་པས་ཤིང་ཕོ་སྟག་གི་ལོའི་ཆུ་སྟོད་ཟླ་བའི་ནང་ཨེ་ཝྃ་པའི་བླ་ཁག་ཁང་ཚན་རྣམས་ཀྱི་ཕེབས་སྐྱེལ་གྱི་ཚོགས་རྒྱ་ཆེན་པོ་དང་བཅས་ཏེ་ཆིབས་ཀྱི་གདོང་བསྒྱུར་ཞིང༌། མར་ལམ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མར་མཇལ་ཕྱག་ཞུ་བ་དང་ཆབས་ཅིག་འབུལ་བ་རྣམ་གྲངས་འགའ་ཞིག་ཀྱང་ཕུལ། དགོན་དེའི་རྟེན་གསུམ་རྣམས་ལ་མཆོད་འབུལ་དང་སྨོན་ལམ་སོགས་རྒྱས་པར་མཛད། དེ་ནས་རིམ་བཞིན་ལམ་བར་གྱི་དགོན་ཁག་རྣམས་སུ་བཞུགས་པའི་རྟེན་གསུམ་རིགས་ལ་མཆོད་འབུལ་དང༌། སྨོན་ལམ་སོགས་མཛད་དེ་ལྷ་ལྡན་དུ་བྱོན། འཕགས་མཆོག་ཕྱག་ན་པདྨོའི་རྣམ་པར་འཕྲུལ་པ་རྒྱལ་བ་འཇམ་དཔལ་རྒྱ་མཚོའི་དྲུང་དུ་དངོས་འབུལ་འགའ་