[A:༩༠]ཞིག་དང་བཅས་ཏེ་མཇལ་ཕྱག་ཞུ་བ་དང༌། ཇོ་ཤཱཀ་རྣམ་གཉིས་ཀྱི་དབུས་རྟེན་གསུམ་རྣམས་ལ་མཆོད་འབུལ་དང༌། ཕྱག་བསྐོར་སྨོན་ལམ་སོགས་མཛད་ནས་རིམ་གྱིས་བོད་ཆེན་པོའི་ལྗོངས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་ཞིང༌། ལམ་བར་དུ་འཁོད་པའི་འགྲོ་བ་འགའ་ཞིག་གིའང་རེ་བའི་ཤིང་རྟ་ཡོངས་སུ་བཀང་སྟེ་བྱོན་པས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་སྔ་ཕྱིར་ཕེབས་བསུའི་བཀོད་པ་ཉི་ཟེར་གྱི་རྡུལ་ལྟར་ལྷགས་པ་རྣམས་དང་ལྷན་ཅིག་ཏུ་སྡེ་བཞི་དང་དགེ་བཅུའི་དཔལ་འབྱོར་ཕུན་སུམ་ཚོགས་པས་མངོན་པར་མཐོ་བའི་སའི་ཐིག་ལེ། དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་ཉེ་བར་ཕེབས་པ་ན། དེར་བཞུགས་པའི་བླ་མ་སློབ་དཔོན་དང༌། དབུ་ཆོས་སོགས་ཀྱི་གཙོ་བྱས་པའི་དགེ་འདུན་འདུས་པ་རྒྱ་མཚོའི་ཚོགས་དང་བཅས་པ། དཔེར་ན་སིནྡྷུ་ཝཱ་རའི་ཆུ་གཏེར་ཆེན་པོ་དལ་གྱིས་རྒྱུ་བར་བྱེད་པ་ལ། ཁ་དོག་སྣ་ཚོགས་པའི་འཇའ་རིས་ཀྱིས་མཛེས་པར་སྤུད་པ་བཞིན་དུ་སེར་ཕྲེང་གི་བཀོད་པ་བསམ་གྱིས་མི་ཁྱབ་པ་ས་དང་ནམ་མཁའི་ཁ་དོག་ཀྱང་བསྒྱུར་བ་སྙམ་བྱེད་པའི་བསུ་བའི་ཚོགས་དང་བཅས་ཏེ་ཧོར་ཟླ་བཅུ་པའི་ཚེས་བརྒྱད་ཀྱི་ཉིན་རྒྱལ་ཁབ་ཆེན་པོ་ག་ལ་བ་དེར་ཉེར་འཚེའི་དྲི་མ་མེད་པར་བདེ་བར་ཕེབས་སོ། །དེ་ལྟར་ཕེབས་པ་ན་ཆོས་རྒྱལ་ཆེན་པོ་སྲས་ཡུམ་བློན་འབངས་དང་བཅས་པ་རྣམས་ཀྱི་ཐུགས་ཀྱི་ཆུ་གཏེར་སྔ་ན་མེད་པའི་དད་པ་དང་སྤྲོ་བའི་རྦ་རླབས་རབ་ཏུ་གཡོས་པའི་ཁོངས་ནས། གསོལ་བ་འདེབས་པ་དང༌། བསྔགས་པ་བརྗོད་པ་ལ་སོགས་པ་སྙན་པར་སྨྲ་བའི་གཏམ་གྱི་ལྦུ་ཕྲེང་གསར་པ་ཅི་ཡང་བྱུང་བར་གྱུར་ཏོ། །དེའི་ཚེ་ནམ་མཁའི་ངོས་ཐམས་ཅད་ཀྱང་འཇའ་ཁ་དོག་སྣ་ཚོགས་པའི་རི་མོས་མཛེས་པར་འཁྱུད་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་ངོ༌། །དེ་ནས་རིམ་བཞིན་རྒྱལ་སྲིད་ཀྱི་ཁུར་མཐའ་དག་ཡོངས་སུ་བཞེས་