[A:༩༡]པའི་རྒྱལ་ཡུམ་མཆོག་གི་མདུན། ཐོག་མའི་ཞལ་མཇལ་ལ་རོང་གི་ཚུལ་དུ་བཀྲ་ཤིས་པའི་ལྷ་རེག་གིས་ཐོག་དྲངས། སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་འཕགས་རྣམས་ཀྱི་གཙོས། རིན་ཆེན་དང་པོ་ཞོ་འཁོར་ལྔ་བཅུ། རིན་ཆེན་གཉིས་པ་ཐུར་སྲང་བརྒྱ་དང་ལྔ་བཅུ་དར་རས་ལིང་སོགས་དང༌། ཟ་འོག་གི་གོས་ཆེན་མང་པོ། གཅན་གཟན་གྱི་པགས་པའི་རིགས་སྣ་ཚོགས། མགོ་སྣམ་ཚོས་མདོག་སྣ་ཚོགས་དང༌། སྣམ་ཕྲུག་གི་རིགས་མང་པོ། རྟ་དྲེལ་ལྔ། མཛོ་གཡག་ལྔ། ཤིང་ཐོག་གི་རིགས་སོགས་ཁྱོན་བསྡོམས་རྣམ་གྲངས་སུམ་བརྒྱ་ཙམ་དང༌། བཀྲ་ཤིས་ཆོས་རྫོང་དུ་ལྷ་སྲས་རིན་པོ་ཆེ་ལྕམ་དྲལ་གྱི་མདུན་མཇལ་རྟེན་ལ་རོང་གི་ཚུལ་དུ། དར་རས་ལིང་སོགས་དང་གོས་ཆེན་སྣ་ཚོགས། གཅན་གཟན་གྱི་པགས་པ་མང་པོ། མགོ་སྣམ་དང་སྣམ་ཕྲུག་སྣ་ཚོགས། ཤིང་ཐོག་གི་རིགས། རྟ་དྲེལ་གཉིས་བཅས་ཁྱོན་རྣམ་གྲངས་ཞེ་གཅིག་དང༌། གཞན་ཡང་འཕྲུལ་བློན་ཆེན་པོ་རྣམས་དང༌། ཕྱག་མཛོད་དང༌། མདུན་སྐོར་དང༌། ཚོང་དཔོན་ལ་སོགས་པ་རྣམས་དང༌། དགོན་པའི་བླ་མ་རྣམས་དང༌། དབུ་ཆོས་ལ་སོགས་པར་སོ་སོའི་གོ་བབས་དང་བསྟུན་པའི་ལ་རོང་དང༌། གནང་སྦྱིན་སོགས་གང་ལ་གང་འོས་མཛད་ཅིང༌། ཁྱད་པར་ཟླ་བ་དེའི་ཚེས་བཅོ་ལྔའི་ཉིན་མདོ་སྨད་ཀྱི་སྐྱེ་འགྲོ་སྤྱིའི་བསོད་ནམས་ཀྱི་ཞིང་དམ་པར་རྗེ་འདི་ཇི་ལྟར་སྤྱན་དྲངས་པ་བཞིན་ཉེ་ཞོ་མེད་པར་ཕེབས་པའི་གཏང་རག་དང༌། ཆོས་རྒྱལ་རང་གི་བླའི་མཆོད་གནས་རྣམས་ཀྱི་མཆོག་ཏུ་བཀུར་བ་དང༌། བོད་ཆེན་པོའི་ལྗོངས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་ཡོངས་ཀྱི་བདག་པོ་ཆེན་པོར་མངའ་གསོལ་བའི་ཆེད་དུ་རྗེ་འདི་སྐུ་འཁོར་གྱི་ཚོགས་དང་བཅས་པ། ཇི་ལྟར་ཉིན་མོར་བྱེད་པ་དམར་སེར་ཐུན་མཚམས་ཀྱི་སྤྲིན་གྱི་ཕུང་པོ་གཞོན་ནུ་རབ་ཏུ་འཁྲིགས་པ་དང་ལྷན་ཅིག་དལ་གྱིས་རྒྱུ་བ་བཞིན་དུ། དཔལ་ལྡན་ལྷུན་གྲུབ་སྟེང་གི་གནྡྷོ་ལ་ཆེན་