[A:༩༢]པོར་སྤྱན་དྲངས་ཏེ། མི་འཇིགས་སེང་གེས་བཏེག་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཞབས་ཀྱི་ཆུ་སྐྱེས་དམར་པོ་མངོན་པར་བཀོད་དེ་བཞུགས་སུ་གསོལ་ཞིང༌། དེ་ནས་ཐོག་མར་མདོ་སྨད་སྐྱེ་དགུའི་བདག་པོ་ཆོས་རྒྱལ་སྲས་ཡུམ་རྣམས་ཀྱི་བཞིན་གྱི་དཀྱིལ་འཁོར་དགའ་བ་བརྒྱ་ཕྲག་བརྩེགས་པའི་འཛུམ་གྱི་ཕྲེང་བ་མང་པོས་ཉེ་བར་སྒེག་པ་སྟོན་ཀའི་ཟླ་བ་ཚེས་པ་ལྟ་བུའི་སྒོ་ནས། བཀྲ་ཤིས་པའི་རི་མོས་མཛེས་པར་འཁྱུད་པའི་ལྷ་རྫས་གངས་རིའི་མདངས་ལྡན་དང༌། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པ་སྔོན་དུ་འགྲོ་བའི་སྐུ་རྟེན་དུ་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་སྐུ་བརྙན་ལ་སོགས་པ་དང༌། གསུང་རྟེན་དུ་དེ་བཞིན་གཤེགས་པའི་བཀའ་བོད་དུ་འགྱུར་རོ་འཚལ་གྱི་པུསྟ་ཀ་བརྒྱ་དང་གསུམ། ཐུགས་ཀྱི་རྟེན་དུ་བཀའ་གདམས་མཆོད་རྟེན་ལ་སོགས་པ་དང༌། ན་བཟའ་ཆ་ཚང་སྤུས་ཤིན་ཏུ་དག་པ། དངུལ་གྱི་འདྲེན་ཆས་ཆ་ཚང༌། དངུལ་གྱི་གསོལ་ལྟིར་ལེགས་པ། དངུལ་ལས་གྲུབ་པའི་མཆོད་ཆ་སྣ་ཚོགས། རྡོར་དྲིལ། ཌ་མ་རུ། རྔ་དང་རོལ་སིལ་ལ་སོགས་པའི་མཆོད་ཆ་མང་པོ། ཁྱད་པར་དུ་འཕགས་པའི་གོས་ཆེན་གྱི་རིགས་མང་པོ། དར་རས་ལིང་ལ་སོགས་པ་ཤིན་ཏུ་མང་པོ། དཀར་ཡོལ་དང་ཤེལ་གྱི་རིགས་སྣ་ཚོགས། གསེར་ཞོ་བརྒྱ། རིན་ཆེན་གཉིས་པ་ཐུར་སྲང་བཞི་བརྒྱ། རྟ་དྲེལ་ལྔ་བཅུ། མཛོ་གཡག་བརྒྱ། མ་ཧཱ་ཙི་ནའི་ཡུལ་གྱི་ལྗོན་འདབ་འཁོར་བརྒྱ། མར་ཁལ་བརྒྱ། ནས་ཁལ་བརྒྱ་ཕྲག །གཅན་གཟན་གྱི་པགས་པ་མང་པོ། གཟིམ་གུར་ཡོལ་བ་བཅས་ཀྱི་གཙོས་གུར་གཡབ་ཁ་ཤས། ཉེར་མཁོའི་ཐབ་གདན་ཆས་ཚང་འགྲིག །ཆིབས་སྒ་དང༌། དྲེལ་སྒ་དང༌། མཛོ་སྒ་ལ་སོགས་པ་རྣམ་གྲངས་སྟོང་ཕྲག་བརྒལ་བ་འབུལ་བར་མཛད་ཅིང༌། དེའི་རྗེས་སུ་