R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༩༣
[A:༩༣]ཆོས་རྒྱལ་མཆོག་གི་སྐུའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་ཐམས་ཅད་སྒྲུབ་པའི་བླ་མ་རྣམས་དང༌། བཀའི་འཁོར་ལོས་སྒྱུར་བའི་མདུན་ན་འདོན་ཆེན་པོ་རྣམས་དང༌། ཕྱག་མཛོད་དང༌། མདུན་སྐོར་རྣམས་དང༌། ཚོང་དཔོན་དང༌། དཔོན་སྐྱ་དང༌། ཧོར་འདྲ་ལ་སོགས་པ་རྣམས་དང༌། ལྷུན་གྲུབ་སྟེང་རང་དུ་གཉུག་མར་བཞུགས་པའི་བླ་མ་དང༌། སློབ་དཔོན་དང༌། ཆོས་ཁྲིམས་དང༌། སྤྱི་བའི་དུས་ཇ་ཁག་རྣམས་དང༌། དགེ་སློང་དང༌། དགེ་ཚུལ་ལ་སོགས་པ་ཇི་སྙེད་ཅིག་བཞུགས་པ་རྣམས་དང༌། གཞན་ཡང་རྫོང་ཁག་ཉི་ཤུ་རྩ་ལྔའི་མངའ་འོག་ཏུ་གཏོགས་སོ་འཚལ་གྱི་བླ་མ་དང༌། མི་དཔོན་དང༌། དགོན་པ་དང༌། ཁྱིམ་བདག་འབྱོར་པ་དང་ལྡན་པ་རྣམས་ཏེ། དེ་དག་སོ་སོ་ནས་ཀྱང་དད་པ་དང་སྤྲོ་བ་ཕུན་སུམ་ཚོགས་པའི་ལྡེ་མིག་གིས་རང་རང་གི་འབྱོར་པའི་བང་མཛོད་ཀྱི་སྒོ་འཕར་ཡངས་པོར་ཕྱེས། གཏོང་ཕོད་ཀྱི་ལག་པ་རིང་དུ་བརྐྱངས། འབུལ་བའི་དངོས་པོ་གྱ་ནོམ་པ་རི་ལྟར་སྤུངས་ཏེ། བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་རྣམ་ཐར་ལ་ཅོ་འདྲི་བ་ལྟ་བུའི་སྒོ་ནས་བསྟན་པ་དང་འགྲོ་བ་ཐམས་ཅད་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་ཡོངས་སུ་མངའ་གསོལ་ཏོ། །དེ་ལྟར་བགྱིས་པའི་དགེ་བ་ཐམས་ཅད་བྱང་ཆུབ་ཀྱི་སྙིང་པོར་ཡོངས་སུ་བསྔོ་བའི་རྒྱས་འདེབས་པ་དང༌། དེར་འདུས་པའི་སྐྱེ་བོ་རྣམས་ཀྱང་ཆོས་ཀྱི་བདུད་རྩི་བླ་ན་མེད་པས་ཚིམ་པར་མཛད་དོ། །དེ་ནས་བཟུང་སྟེ་དགུང་ལོ་ཞེ་གཅིག་པ་ཤིང་གླང་ལོའི་བར་ལོ་བཅུ་གཅིག་ཁམས་སུ་བཞུགས། སྐབས་འགར་མཁར་མདོ། དབོན་སྟོད། ཡེ་ན། རབ་བརྟན། རི་མདའ། དུང་མདོ། ཝ་ར། ཀུ་སེ། སྤོ་ལུ། སྒར་རྗེ་སོགས་སུ་ལན་ཁ་ཡར་དང༌། ཡང་ཟུལ་ཕུ། རུ་དམ། ཡིད་ལྷུང་སྐོར། བྱེ་མ་ཐང༌། ཁྱེའོ་སྟོད་སྨད་བར་གསུམ།