[A:༩༧]འཛོམ་པ་ཕལ་ཆེ་བ་ལས་ཀྱང་ཆོས་ཀྱི་བདུད་རྩི་ཅུང་ཟད་བཞེས་པར་མཛད་དེ། དེའང་སྐྱོ་མདའ་མཆོག་སྤྲུལ་རིན་པོ་ཆེ་ཀུན་དགའ་བསོད་ནམས་ཀྱི་དྲུང་ནས། ས་རུ་ཀུན་དགའ་དཔལ་འབྱོར་གྱི་ཡིག་ཆའི་སྟེང་ནས་གཅོད་དབང་ནམ་མཁའ་སྒོ་འབྱེད་དང༌། ཇོ་ནང་ལོ་ཙཱ་བ་ཆེན་པོ་ཀུན་དགའ་སྙིང་པོས་ཕྱོགས་གཅིག་ཏུ་བསྒྲིགས་པའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ནས་བཤད་པའི་ཡི་དམ་གྱི་ལྷ་ཚོགས་རྣམས་ཀྱི་རྗེས་གནང་ཡོངས་སུ་རྫོགས་པ། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་ངན་སོང་སྦྱོང་བ་རྩ་བའི་རྒྱུད་ནས་གསུངས་པའི་སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང༌། དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྒྲུབ་དཀྱིལ་དང་སངས་ཕུན་པའི་མཚམས་སྦྱོར་བཅས་ཀྱི་སྟེང་ནས་འཇིགས་བྱེད་རྭ་ལུགས་ལྷ་དགུའི་དབང༌། དཔལ་ས་སྐྱ་པའི་གསེར་ཆོས་དམར་མོ་སྐོར་གསུམ་དཔེ་བུམ་རྨོར་ཆེན་རྡོ་རྗེ་འཆང་གིས་ལྗགས་བསྒྲིགས་བསྐྱངས་པ་ཚང་མའི་ལུང་དང༌། ཞུ་ཆེན་གྱི་ཡིག་ཆའི་སྟེང་ནས་གསེར་ཆོས་འཇམ་དཔལ་ནག་པོའི་རྗེས་གནང༌། ངག་ཆོས་ཀྱི་ཡིག་ཆའི་སྟེང་ནས་འདོད་རྒྱལ་གསང་སྔགས་སྒྲའི་རྗེས་གནང༌། ཚར་ཆེན་ཆོས་ཀྱི་རྒྱལ་པོས་ལྗགས་བསྒྲིགས་བསྐྱངས་པའི་དམར་པོ་སྐོར་གསུམ་གྱི་དཔེ་བུམ་ཚང་མའི་ལུང་དང༌། དེར་མ་ཚུད་པ་རིགས་བྱེད་ཚོགས་བདག་འདོད་རྒྱལ་གསུམ་གྱི་ཡིག་སྣ་མང་པོའི་ལུང་གསན་པ་ནི་སྡེ་དགེ་ཆོས་རྒྱལ་མཆོག་གིས་བསྒྲིགས་པའི་རྗེ་འདིའི་གསན་ཡིག་ཆེན་མོར་གསལ་བ་ལྟར་དང༌། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པའི་ཁྲིད་ཡིག་དང༌། ཞྭ་ལུ་མཁན་ཆེན་གྱི་འཆད་ཐབས་སོགས་ཀྱི་སྟེང་ནས་ཕྱི་རྡོ་རྗེ་བྲག་རྫོང་མ། ནང་དྲག་པོ་སྔགས་རྒོད། གསང་བ་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་པ་སྟེ་ཕྱི་ཁྲིད་ཡོངས་སུ་རྫོགས་པ་དང༌། མགོན་དཀར་ཚེ་སྒྲུབ་འཆི་