[A:༩༦]ངོར་གྱི་བསྟན་པ་ཉིན་མོ་ལྟར་མཛད་པ་ཡིན་ནོ། །དོན་འདི་རྣམས་ལ་དགོངས་ནས་རིགས་ལྡན་ཆོས་རྒྱལ་མཆོག་གིས་མཛད་པའི་རྣམ་ཐར་གསོལ་འདེབས་ལས་ཀྱང༌། ཚར་ཆེན་བླ་མའི་བཀའ་སྡོད་གནོད་སྦྱིན་ཆེས། །དཔལ་ལྡན་ས་སྐྱའི་བསྟན་བཅུད་ཚར་པ་ཡི། །སློབ་བཤད་རིང་ལུགས་སྲིད་མཐར་འཕེལ་བརྟན་ཕྱིར། །མདོ་ཁམས་སྡེ་དགེར་འབྱོན་པར་བསྐུལ་དེར་འདུད། །སྡེ་བཞིའི་དཔལ་དང་དགེ་བཅུའི་དོན་ལྡན་ཡུལ། །འཆི་མེད་གྲུབ་པས་བྱིན་བརླབས་ཆོས་གྲྭ་ཆེ། །ལུགས་བརྒྱའི་འདུན་ས་དཔལ་ལྡན་ལྷུན་གྲུབ་སྟེང༌། །ཆོས་ཀྱི་ཁྲི་ལ་ཞབས་པད་བཀོད་དེར་འདུད། །བླ་ཆེན་ཚུལ་མཐུན་མཛད་ཀྱང་འདོད་པས་དབེན། །སྡོམ་གསུམ་གནད་ཀྱིས་མ་འགལ་འཇིག་རྟེན་པའི། །ཆོས་བརྒྱད་སྐྱོན་བྲལ་བསྡུ་བའི་དངོས་པོ་བཞིས། །འགྲོ་དོན་ཚུལ་བཞིན་སྐྱོང་མཛད་དེ་ལ་འདུད། །ཨ་ཏ་རོང་གི་རྒྱལ་ཁབ་སྣོད་བཅུད་ཀྱི། །སྐྱེ་དགུ་མཆོག་དམན་མཐའ་དག་གནས་སྐབས་དང༌། །མཐར་ཐུག་ཕན་དང་བདེ་ལ་སྦྱོར་མཛད་པའི། །འབྲེལ་ཚད་དོན་ལྡན་ཆེན་པོ་དེ་ལ་འདུད། །ཅེས་སོགས་དང༌། ཡང་དེ་ཉིད་ལས། འཇམ་མགོན་བརྟན་པའི་འཁོར་ལོའི་རྡོ་རྗེའི་ལུང༌། །བེཀྩེའི་ཡེ་ཤེས་སྤྱན་གྱིས་རྟེན་འབྱུང་སྒོ། །གཟིགས་ལ་བསླུ་བ་མེད་དེ་ཨེ་མ་ཧོ། །བདག་གི་ལྷ་སྐལ་གཅིག་ཆོག་རྒྱལ་པོར་འདུད། །བླ་མ་དགེ་བའི་བཤེས་གཉེན་འདུས་ཚོགས་ལ། །སྨིན་གྲོལ་ཟབ་རྒྱས་སྩལ་ཞིང་སྤྲོས་བཅས་ཀྱི། །ལག་ལེན་འཁྲུལ་བསལ་ཉམས་ལེན་རིམ་པ་གཉིས། །ཡ་བྲལ་སྐྱོན་འདོན་སྲོལ་བཟང་བཏོད་ལ་འདུད། །ཅེས་སོགས་ཀྱིས་བསྔགས་པར་མཛད་དོ། །དེ་དག་གི་སྐབས་གསེང་རྣམས་སུ་ཡི་དམ་ལྷའི་ལྗགས་བསྙེན་ཟླ་བ་ཁ་ཤས་བཞུགས་པ་དང༌། གཞན་ཡང་དེ་ཕྱོགས་ཀྱི་བླ་མ་མཁས་བཙུན་བཟང་གསུམ་