R198: ཐར་བརྩེ་ཁུ་དབོན་བྱམས་པ་ནམ་མཁའ་འཆི་མེད་རྣམ་ཐར།

  • Pagination (Witness A): ༩༩
[A:༩༩]སངས་རྒྱས་ཀླུ་དབང་རྒྱལ་པོའི་རྗེས་གནང་ལུང་བཅས། དེའི་སྒོ་ནས་ཆར་འབེབས་དཔལ་ལྡན་ཆོས་སྐྱོང་གིས་མཛད་པའི་ལུང༌། ངག་དབང་བརྟན་རྡོར་དང་རྨོར་ཆེན་པའི་ཡིག་ཆའི་སྟེང་ནས་གང་བློ་མའི་རིག་གཏད་དང་ཡིག་ཆའི་ལུང་བཅས། དཀོན་མཆོག་ལྷུན་གྲུབ་ཀྱི་ཡིག་ཆའི་སྟེང་ནས་གྲུབ་ཆེན་མི་ཏྲ་ཛོ་ཀི་ནས་བརྒྱུད་པའི་ཚེ་དཔག་མེད་དཀར་པོའི་རྗེས་གནང་ལུང་བཅས། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་སྐྱེར་སྒང་ལུགས་ཀྱི་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པའི་རྗེས་གནང་ལུང་བཅས། ལྷ་མོ་ཤྲ་མ་ཎའི་རྨི་ལམ་བརྟག་སྒྲུབ་བཀྲ་ཤིས་རྣམ་རྒྱལ་གྱིས་མཛད་པའི་ལུང༌། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་པཎྜི་ཏ་ས་མནྟ་ཤྲཱི་ནས་བརྒྱུད་པའི་དབྱངས་ཅན་མ་དཀར་མོའི་རྗེས་གནང་ལུང་བཅས། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་འཇམ་དབྱངས་ཨ་ར་པ་ཙ་ན་དམར་སེར་གྱི་རྗེས་གནང་ལུང་བཅས། སངས་ཕུན་པའི་ཡིག་ཆའི་སྟེང་ནས་ཕྱག་རྡོར་གཏུམ་ཁྱུང་གི་རྗེས་གནང་ལུང་བཅས། ཡིག་རྙིང་སྟེང་ནས་ཁྱུང་དམར་རྗེས་གནང་ལུང་བཅས། ཞུ་ཆེན་གྱི་ཡིག་ཆའི་སྟེང་ནས་ཚེ་དཔག་མེད་ལྕགས་སྡོང་མའི་དབང༌། སངས་ཕུན་ཡིག་ཆའི་སྟེང་ནས་མགོན་དཀར་རྗེས་གནང་ལུང་བཅས། ཞུ་ཆེན་གྱི་མཛད་པའི་ཉེར་མཁོ་འགའ་ཞིག་དང༌། ས་པཎ་གྱིས་མཛད་པའི་སྣང་བ་མཐའ་ཡས་ཀྱི་བསྒོམ་དོན། ཉང་སྟོན་སྒྲུབ་པ་པོས་གཏེར་ནས་སྤྱན་དྲངས་པའི་མིག་འབྱེད་ཀྱི་གདམས་པ་དང༌། དེའི་གསལ་བྱེད་བཀྲ་ཤིས་སྟོབས་རྒྱལ་གྱིས་མཛད་པ་རྣམས་ཀྱི་ལུང་བཅས་གསན་ནོ། །ཡང་སྡེ་དགེའི་དབུ་བླ་ཆེན་པོ་ངག་དབང་ཆོས་འབྱོར་གྱི་དྲུང་ནས། ངག་དབང་མཆོག་ལེགས་རྡོ་རྗེའི་ཡིག་ཆའི་སྟེང་ནས་གཟའ་ཡུམ་གྱི་རྗེས་གནང་ལུང་བཅས། ཞུ་ཆེན་གྱི་ཡིག་ཆའི་སྟེང་ནས་ཕྱག་རྡོར་འགྲོ་བཟང་ལུགས་ཀྱི་རྗེས་གནང་ལུང་བཅས། ཐར་པཎ་གྱི་ཡིག་ཆའི་སྟེང་ནས་རྟ་