R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 55b
[B:55b]ལས་འབྲས་དང་། ས་ལམ་གྱི་རྣམ་པར་བཞག་པ་ལ་ཡིད་ཆེས་ཤིང་སྤྲོ་བ་འཕེལ་ཏེ་བརྩོན་འགྲུས་བསྐྱེད་པའི་ཕྱིར། འདི་དག་གི་གནས་སྐབས་ཐམས་ཅད་དུ་ངོ་མཚར་བའི་རྣམ་པ་དཔག་ཏུ་མེད་པ་ནི། ཉིན་མོའི་གནས་སྐབས་སུ་འཇའ་ཁ་དོག་ལྔ་པའི་འོད་རིས་ཀྱིས་ཉི་མའི་དཀྱིལ་འཁོར་ལ་རིམ་པ་གསུམ་པ་དང་ལྔ་པ་དག་གིས་བསྐོར་ཞིང་། ཕྱོགས་སུ་ཡང་ཐད་ཀར་བརྐྱང་བ་དང་། གཞན་ཡང་ཁ་དོག་སྣ་ཚོགས་པའི་སྤྲིན་ ཕུང་གདུགས་དང་ རྒྱལ་མཚན་ལ་སོགས་པ་མཆོད་པའི་རྣམ་པ་ཅན་དུ་མས་ཕྱོགས་ཀུན་ཏུ་ཁྱབ་པས་ཉིན་མོའི་དུས་འདའ་བ་དང་། མཚན་མོའི་དུས་སུ་ཡང་འཇའ་ཁ་དོག་དཀར་པོ་དང་། སེར་པོའི་བཀོད་རིས་ཁང་བརྩེགས་དང་། རིན་ཆེན་སྤུངས་པ་ལ་[A:185]སོགས་པའི་རྣམ་པ་དུ་མས་གཙུག་ལག་ཁང་འདི་ཉིད་ལ་འདུད་ཅིང་མངོན་པར་ཕྱོགས་པར་མིག་ལྡན་ཀུན་གྱི་སྤྱོད་ཡུལ་དུ་གྱུར་ཏོ། ། རྒྱལ་ཆེན་བཞིའི་རིགས་ནས་འོག་མིན་གྱི་བར་བསྟན་པ་ལ་མངོན་པར་དད་པའི་རྣམས་ཀྱིས་ནི། མེ་ཏོག་གི་ཆར་ཆེན་པོ་གནས་འདི་ཉིད་དུ་རྒྱུན་ཏུ་ཕབ་སྟེ། ཕལ་ཆེར་ནི་ཁ་དོག་དཀར་པོ་བར་སྣང་ཁམས་མཐོ་བ་ནས་ཕུབ་ཀྱི་ཁྱོན་ཙམ་དང་། ཆ་ལང་གི་འཁོར་མོ་ཙམ་དང་། དེ་བས་ཀྱང་བགས་ཀྱི་གཞོན་པ་སོགས་སིལ་བུར་འབབ་པ་རྣམས་ཁ་དོག་དཀར་པོ་དང་། སེར་པོ་དང་། མཐིང་ཁ་དང་། ལྗང་སེར་དང་། མེ་ཏོག་གཅིག་ལའང་ཁ་དོག་ལྔ་ཀ་ཚང་བ་དང་། གཟུགས་ཀྱི་རྣམ་པ་སྣ་ཚོགས་པ་ཟེའུ་འབྲུ་ཡོད་པ་དང་མེད་པ་སོགས་ཁ་ཆར་བཞིན་དུ་བབ་སྟེ་ཕལ་ཆེར་ནི་མི་རིང་བར་ཡལ་ཞིང་། ལ་ལར་ཆགས་པ་དག་སྐྱེ་བོ་ཀུན་གྱིས་སྙིམ་པ་བཀང་སྟེ་ངོ་མཚར་བའི་གཏམ་དག་གླེང་བར་བྱེད་དོ། །
འདིར་སྨྲས་པ། དེ་ལྟར་ཐུབ་བསྟན་ཉི་མ་འཇིག་རྟེན་མིག་། གློ་བུར་ཞི་བའི་ནུབ་རིས་བསྒྲིབས་པ་ན། ། བརྟན་གཡོའི་འཇིག་རྟེན་རྒྱུ་དང་མི་རྒྱུར་བཅས། ། མྱ་ངན་མུན་པ་སྟུག་པོའི་ཁང་བུར་བཅུག་། དེ་ཚེ་ནམ་མཁའི་དྲང་སྲོང་སྔོ་སངས་ཀྱིས། ། རྣམ་[A:186]བཀྲའི་འཇའ་ཚོན་གོས་བཟང་སྣ་ཚོགས་གྱོན། ། དེ་ལ་ཕྲག་དོག་བཞིན་དུ་ནོར་ལྡན་མ། ། མར་མེའི་འོད་ཚོགས་འདུས་པའི་གོས་དཀར་འཛིན། ། ལྷ་རྫས་ཙན་དན་དྲི་ཡི་ཕྱོགས་ཀུན་ཡང་། ། མ་ལ་