R2: ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་ཆེན་པོ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད།

  • Pagination (Witness B): 29b
[B:29b]གི་བླ་མ་རྣལ་འབྱོར་གྱི་དབང་ཕྱུག་[A:90]ཆེན་པོ་དེ། ཐམས་ཅད་མཁྱེན་པའི་གོ་འཕང་མངོན་དུ་མཛོདམཛད་བཞིན་དུ་ཡང་གདུལ་བྱ་རྣམས། ཚུལ་གནས་ཐོས་དང་བསམ་ལྡན་པས། ། སྒོམ་པ་ལ་ནི་རབ་ཏུ་སྦྱོར། ། ཆོས་མངོན་པ་མཛོད། ཞེས་གསུངས་པ་ལྟར། དང་པོ་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས། བར་དུ་རིག་པའི་གནས་ལྔ་སོགས། ཤེས་བྱ་ཤེས་བྱེད་མཐའ་ཡས་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད། ཐ་མར་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པའི་སྒོ་ནས་ཐོས་པའི་དོན་སྒྲུབ་པ་སྙིང་པོར་བྱེད་པར་ལྷུར་ལེན་དགོས་པར་ཤེས་པའི་ཆེད་དུ། མགོན་པོ་འདིས་ཀྱང་དང་པོ་གཉིས་མཛད་ཚུལ་གོང་དུ་བཤད་ཟིན། ཐ་མ་སྒྲུབ་པ་སྙིང་པོར་མཛད་པའི་ཚུལ་ནི། ལམ་ཐུན་མོང་བ་ཕ་རོལ་ཏུ་ཕྱིན་པ་དང་སྒོ་བསྟུན་ནས་བསམ་པ་ཐེག་ཆེན་སེམས་བསྐྱེད། སྤྱོད་པ་ཕར་ཕྱིན་དྲུག་ལྡན། ལྟ་བ་སྟོང་ཉིད་རྟོགས་པའི་ཤེས་རབ་ཟུང་འབྲེལ་དུ་ཐུགས་ཉམས་བཞེས། ལམ་ཐུན་མོང་མ་ཡིན་པ་རྒྱུད་སྡེ་རྒྱ་མཚོའི་ངེས་གསང་སྨིན་བྱེད་ཀྱི་དབང་ལས། དགའ་བཞིའི་ཆུ་བོས་འཁོར་ལོ་དྲུག་གིས་བསྡུས་པའི་སྐུའི་གནས་སོ་སོར་ཡོངས་སུ་གང་སྟེ། སྣང་གྲགས་ཀྱི་ཆོས་ཐམས་ཅད་དག་པ་རབ་འབྱམས་ཀྱི་ངང་དུ་ཤར་བའི་རིམ་པ་དང་པོ་དང་། ཡུལ་དང་[A:91]ཡུལ་ཅན་གཉིས་སུ་མེད་པར་ཟག་མེད་བདེ་བའི་ཡེ་ཤེས་གཅིག་གི་ངང་དུ་ཟུང་འཇུག་རྣམ་པ་བཞིའི་སྒོ་ནས། རྟེན་དཀྱིལ་འཁོར་བཞི་ལས་སྐུ་བཞིའི་འབྲས་བུ་མངོན་དུ་འགྱུར་བའི་ཚུལ་རིམ་པ་གཉིས་པ་སོགས་རྣལ་འབྱོར་བཅུའི་རིམ་པ་ལས་མི་གཡོ་བས། ཇི་ལྟ་ཇི་སྙེད་ཀྱི་ཆོས་ཐམས་ཅད་ཐུགས་དམ་གྱི་ཀློང་དུ་གྱུར་ནས་ཆོས་མིན་གྱི་སྐབས་མི་སྲིད་པའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་བསླབ་པ་ལ་ནན་ཏན་སྙིང་པོར་མཛད་པས། གཞི་གཉུག་མ་རང་བཞིན་ལྷན་སྐྱེས། དེ་ཉིད་ལམ་བསྐྱེད་རྫོགས་ཀྱི་ཞུ་བདེ་ལྷན་སྐྱེས། འབྲས་བུ་རང་རིག་པའི་ཟག་མེད་བདེ་ཆེན་གྱི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མཆོག་གི་གོ་འཕང་མངོན་དུ་མཛད་པའོ། ། སྨྲས་པ། རང་བཞིན་སྤྲོས་བྲལ་འཕེལ་འགྲིབ་དང་བྲལ་ཡང་། ། གཞན་སྣང་སྒྱུ་འཕྲུལ་ཆ་ཤས་རིམ་པ་བཞིན། ། ཡོངས་རྫོགས་ཕན་བདེའི་བསིལ་ཟེར་འཕྲོ་བ་ཅན། ། འགྲོ་མང་རྒྱུ་སྐར་དབུས་ན་རྣམ་པར་མཛེས། །