[B:29a]འཇིག་རྟེན་གསུམ་ན་འགྲན་གྱི་ཟླ་མེད་པས། །
ཐམས་ཅད་མཁྱེན་ཞེས་བརྗོད་པ་དོན་དང་ལྡན། །
ཁྱོད་ཐུགས་རྒྱལ་བའི་རིང་ལུགས་མ་ལུས་པ། །
ཀུན་ཏུ་འཛིན་ལ་དོག་མེད་མཁའ་འདྲ་བ། །
དེ་ཉིད་མཐོང་ཚེ་མང་ཐོས་གཞན་དག་གི།
བློ་གྲོས་ཁབ་ཀྱི་མིག་ལ་འགྲན་པར་ཟད། །
འདི་ན་ཕལ་ཆེར་ཐ་སྙད་ཚིག་ཙམ་ལ། །
མཁས་ཀྱི་གསུང་རབ་ཟབ་མོའི་དོན་ལ་མིན། །
ཁྱོད་ནི་ཆོས་ཀུན་དྲང་ངེས་རྟོགས་དཀའི་དོན། །
རྒྱལ་བའི་དགོངས་པ་ཇི་བཞིན་མངོན་སུམ་གཟིགས། །
མང་དུ་གསན་པའི་མཁྱེན་རབ་རྒྱ་མཚོ་གྱེན་དུ་འཕྱུར་ཚེ་ཆུ་གཏེར་རྣམ་བཞི་ཀུན་ནས་སྐྱེངས་པས་ས་འོག་ཞུགས་ཤིང་རྟ་གདོང་འཁོར་མོའི་ཆོ་ངེ་སྒྲོག།
བརྩེ་ཆེན་ཐུགས་རྗེའི་ཉི་མ་སྟོང་ཕྲག་ཅིག་ཅར་ཤར་བས་རྟ་ལྗང་ཅན་དེ་ཕྱོགས་ཀྱི་འཁོར་ལོ་འཇལ་བའི་ཟོལ་གྱིས་གླིང་བཞིའི་ཕ་མཐར་ཡང་ཡང་འགྲོས། །
རྒྱ་ཆེན་ཕྲིན་ལས་རྒྱུན་མི་ཆད་འདིས་གོ་སྐབས་ཡངས་པའི་སྙེམས་པ་ཕྲོགས་པས་[A:89]མཁའ་འདི་ཟླ་མཛེས་མེ་ལོང་གཟུང་ནས་སྔོ་བསངས་དགའ་མའི་ཚུལ་གྱིས་རོལ། །
བསམ་ཡས་ཡོན་ཏན་བྱེ་བའི་གཏེར་མཛོད་བཤད་སྒྲུབ་ཤིང་རྟ་ཆེན་པོའི་སྲོལ་འབྱེད་ཐུབ་བསྟན་ཡོངས་རྫོགས་མངའ་བདག་འདི་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཡིན། །
ཞེས་བྱའོ། ། དཔལ་ལྡན་བླ་མ་དམ་པའི་རྣམ་པར་ཐར་པ་ངོ་མཚར་རིན་པོ་ཆེའི་གཏེར་མཛོད་ལས་ཡོངས་འཛིན་དམ་པ་བསྟེན་ཞིང་གསུང་རབ་ཀུན་གྱི་བདག་པོར་གྱུར་པའི་སྐབས་ཏེ་བདུན་པའོ། །
CHAPTER 8: PRACTICE AND PROGRESS ON THE SPIRITUAL PATH; A: pp. 89-92; B: ff. 29a5-30a3
src: The input of the following chapter is done on the basis of the published text (A); readings of the blockprint (B) are not indicated
བརྒྱད་པ་ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་ཐུགས་ཉམས་སུ་བཞེས་ཚུལ་ནི།
ཀུན་རྟོག་རྣམ་སྤངས་ཏིང་འཛིན་ཟློས་གར་གྱིས། །
དགའ་བཞིའི་རྩེར་སོན་རྣམ་གྲོལ་ཡེ་ཤེས་མཛོད། །
རྒྱལ་ཀུན་བསྐྱེད་པའི་ཡབ་གཅིག་རྡོ་རྗེ་འཛིན། །
དཔལ་ལྡན་སྐལ་བཟང་སྐྱེ་དགུའི་མགོན་པོ་རྒྱལ། །
སྲིད་ཞི་མཉམ་པར་མཛད་ཀྱང་གཞན་སྣང་རྗེས་སུ་གཟུང་བའི་ཕྱིར། །
ཐུན་མོང་བ་དང་ཐུན་མོང་མ་ཡིན་ལམ་གྱི་བགྲོད་ཚུལ་ལ། །
ཇི་ལྟ་ཇི་བཞིན་ཐུགས་ཉམས་བསྟར་ཏེ་ངེས་པའི་གསང་རྙེད་པ། །
ཚུལ་བཞིན་མཛད་འདི་དམ་པ་རྣམས་ཀྱི་རྣམ་ཐར་ངེས་པའོ། །
དེ་ཡང་བདག་ཅག་