[B:39a]ཀྱི་གཟི་འོད་དང་བཅས་པ་རྣམས་ལ་གོ་ལིང་ཁྱད་པར་ཅན་གྱི་ན་བཟའི་བརྩེགས་དུ་མ་དང་། རྒྱའི་རྡོ་རྗེ་དྲིལ་བུ་སོགས་མཆོད་ཆ་ཚང་མ་རེ་དང་བཅས་པ། གཞན་ཡང་རིན་པོ་ཆེ་གསེར་ཟངས་ལས་གྲུབ་པའི་བླ་མ་དེ་དག་གི་སྐུ་ཚད་ཅུང་གཞོན་པ་ཚར་གཅིག་ཁྲི་ན་བཟའ་དང་བཅས་ཏེ་བཞུགས་[A:124]པའོ། ། རི་མོར་བཀོད་པ་ལ། ཤར་གྱི་ངོས་ལ་དཔལ་བརྟག་པ་གཉིས་པའི་རྒྱུད་དང་། གསང་བ་འདུས་པ་འཇམ་པའི་རྡོ་རྗེ་དང་མི་བསྐྱོད་རྡོ་རྗེ། ཚེ་དཔག་མེད་ལྷ་དགུ་མ་གསུམ་གྱི་དབང་གི་བླ་མ་བརྒྱུད་པ། བྱང་གི་ངོས་ལ་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྟོན་པ་པོ་ཤཱཀྱའི་རྒྱལ་པོ་དང་བྱང་ཤམྦྷ་ལར་བྱོན་པའི་སྤྲུལ་པའི་ཆོས་རྒྱལ་རིགས་ལྡན་སུམ་ཅུ་རྩ་གསུམ་དང་བཅས་པའི་བླ་མ་བརྒྱུད་པ་དང་། རྣལ་འབྱོར་རྒྱུད་ཀྱི་དབང་བརྒྱུད། གཞན་ཡང་གསུང་གི་བདུད་རྩི་བཞེས་པའི་བླ་མ་ཕལ་ཆེ་བ། རྒྱལ་པོ་ཆེན་པོ་སྡེ་བཞི། ཛམྦྷ་ལ་སེར་ནག་དང་བཅས་པ་རྣམས། ལྷོའི་ངོས་ལ་དཔལ་འཁོར་ལོ་བདེ་མཆོག་དང་། གཤིན་རྗེ་གཤེད་དམར་པོ། རྡོ་རྗེ་འཇིགས་བྱེད། རྡོ་རྗེ་ཕུར་པ་རྣམས་ཀྱི་དབང་གི་བླ་མ་བརྒྱུད་པའི་རིམ་པ། ནུབ་ངོས་ཀྱི་གཡས་གཡོན་ལ་བསྟན་སྲུང་རྣམས་ཀྱི་གཙོ་བོར་གྱུར་པའི་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་དང་། མཐུ་རྩལ་རྨད་དུ་བྱུང་བའི་གཉན་གྱི་མགོན་པོ་ཞལ་བཞི་པ་གཉིས་ཀྱི་རྗེས་གནང་གི་བླ་མ་བརྒྱུད་པའི་རིམ་པ། སྒོ་མངས་ཀྱི་གོང་ལ་གུར་མགོན་གྱི་བརྒྱུད་རིམ་ལས་འཕགས་པ་རིན་པོ་ཆེ་ཕྱིན་ཆད་ཀྱི་པུ་ཏྲ་ལྕམ་སྲིང་གི་ཁྱད་པར་གྱི་རྗེས་གནང་གི་བླ་མའི་[A:125]བརྒྱུད་རིམ་རྣམས་སོ། ། བླ་མ་རབ་འབྱམས་རྒྱ་མཚོའི་དབུས་སུ་སླད་ནས་འོག་ཏུ་བཀོད་པ་ལྟར། ཡིད་བཞིན་ནོར་བུའི་གདུང་ཁང་རིན་པོ་ཆེ་བཞུགས་སུ་གསོལ་ཏེ། དེ་ལྟ་བུའི་བླ་ན་མེད་པའི་ཆོས་ཀྱི་ཕོ་
བྲང་ན། ལྷ་དང་མི་ལ་སོགས་ཀྱི་མཆོད་པའི་ཡོ་བྱད་གཞལ་དུ་མེད་པ་ནམ་མཁའ་མཛོད་ལ་དབང་འབྱོར་པ་ལྟ་བུས་དུས་ཡུན་དུ་མཆོད་པ་དང་བཅས་པའོ། ། དབུས་ཀྱི་ཀ་རིངས་བཞིས་ཕུག་པའི་སྟེང་ན་གན་ཇི་ར་ཛམྦུ་ཆུ་བོའི་གསེར་འོད་ཕྱོགས་ཀུན་ཏུ་འཕྲོ་བ་ཆེས་མཐོ་བས་མཛེས་པར་བྱས་པའོ། །
གློ་འབུར་བྱང་མ་མགོན་ཁང་ཆེན་མོ་ཀ་ཆེན་བཞིས་ཕུབ་པའི་གུང་ན། རྡོ་རྗེ་འཆང་གི་སྤྱན་སྔར་བསྟན་པ་སྲུང་བར་དམ་བཅས་པའི་བསྟན་སྲུང་ཀུན་གྱི་གཙོ་བོ། རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་སྲིན་པོ་ཁྲོས་པའི་ཆ་ལུགས་ཆེར་འབར་བ་འཇིགས་ཤིང་འཇིགས་པར་