[B:39b]མཛད་པའི་ཉམས་ཅན། དེ་ལས་སྤྲུལ་པའི་གཡས་ན་བྱ་ནག་འཕུར་ཞིང་ལྡིང་བ། གཡོན་ན་ཁྱི་ནག་ཁང་ཞིང་ཟ་བ། རྒྱབ་ན་ལྕགས་སྤྱང་འདུར་ཞིང་རྒྱུག་པ། མདུན་ན་མི་ནག་གནམ་དུ་འོ་དོད་འབོད་པ། སྟེང་ན་མཁའ་ལྡིང་སྔོན་པོ་ལྡིང་ཞིང་འཁོར་བ་སྟེ། ཕོ་ཉ་ལྔ་སྤྲུལ་དང་བཅས་ཡེ་ཤེས་ཀྱི་མེ་དཔུང་[A:126]འབར་བའི་ཀློང་ན་བཞུགས་པ་དང་། དེའི་གཡས་ཕྱོགས་ཀྱི་རྩིག་པའི་ཁང་བུ་ན། བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་ཤངས་མཚལ་ལས་གྲུབ་པའི་དཔལ་གཉན་གྱི་མགོན་པོ་ཞལ་བཞི་ཡོངས་རྫོགས་ཀྱི་བྲིས་སྐུ་འཕགས་པ་རིན་པོ་ཆེའི་ཕྱག་ནས་ངོ་མཚར་བའི་བྱིན་རླབས་ཀྱི་རྒྱུན་དང་ལྡན་པ་ལ། ཐོད་པ་དང་མཚན་ལྡན་གྱི་གཏོར་སྣོད་དུ་གཏོར་ཚོགས་དང་བཅས་ཏེ། སྒྲུབ་ཡིག་རྣམས་ནས་ཇི་ལྟར་བཤད་པ་བཞིན་གཙུག་ལག་ཁང་འདིའི་གནས་གཏད་བཀའ་བསྒོ་ལེགས་པར་མཛད་ནས་བཞུགས་སུ་གསོལ་ཞིང་། སྒོའི་ཕྱི་ངོས་སུ་དགྱེས་པ་རྡོ་རྗེ་དཔའ་བོ་གཅིག་པའི་སྐུས་བརྒྱན་པ་ལ་ཕྱག་རྒྱས་བཏབ་སྟེ། སླད་ནས་གཡོ་བ་དང་། མཐོང་བ་དང་བྲལ་བ་ཉིད་དོ། ། གཙོ་བོའི་གཡས་ཕྱོགས་ནས་རིམ་པ་བཞིན་བདུད་དམག་ཉི་ཁྲི་ཆིག་སྟོང་བརླག་པར་བྱེད་པ་བཀའ་ཉན་གྱི་གཙོ་བོ་གནོད་སྦྱིན་ཡབ་དང་། དམ་ཉམས་རྣམས་ཀྱི་ཤ་ལ་དགའ་ཞིང་ཁྲག་ལ་རོལ་བ་གནོད་སྦྱིན་ཡུམ་དང་། སྲིད་པ་གསུམ་པོ་ཞལ་དུ་འདྲེན་པ་ཤར་གྱི་སྒོ་མ་སེང་གདོང་མ་སྟག་དང་བྱ་ནག་སོགས་ཀྱི་སྤྲུལ་པ་དང་བཅས་པ། དུར་ཁྲོད་རྣམས་སུ་ཁྲག་ལ་སྲེད་པ་ལྷོའི་སྒོ་མ་གཟིག་གི་གདོང་ཅན་སྤྱང་ཀི་ཁྱུང་[A:127]སོགས་ཀྱི་སྤྲུལ་པ་དང་བཅས་པ། ཁམས་གསུམ་པོ་ཅིག་ཅར་གཟིགས་པ་ནུབ་ཀྱི་སྒོ་མ་དོམ་གྱི་གདོང་ཅན་མ་གླང་པོ་དང་མཁའ་
ལྡིང་སོགས་ཀྱི་སྤྲུལ་པ་དང་བཅས་པ། སྡེ་བརྒྱད་ཡོངས་ལ་དབང་བསྒྱུར་བ་བྱང་གི་སྒོ་མ་དྲེད་གདོང་མ་གཡག་དང་ཁྱུང་སོགས་ཀྱི་སྤྲུལ་པ་དང་བཅས་པའོ། ། གཙོ་བོའི་གཡོན་ཕྱོགས་ནས་རིམ་པ་བཞིན། མཁའ་འགྲོ་སྤྱིའི་ཡུམ་ཨེ་ཀ་ཛ་ཊཱི་དང་། ཁམས་གསུམ་ཟིལ་གྱིས་གནོན་ཅིང་ཁྱད་པར་འདོད་པའི་ཁམས་ལ་དབང་བྱེད་པ་དཔལ་ལྡན་ལྷ་མོ་ཆུ་སྲིན་གདོང་མའི་འཁོར་དང་བཅས་པ། མགོན་པོ་ཉིད་ཀྱི་ཐུགས་ལས་སྤྲུལ་པའི་སྲས་དམ་ཅན་བུ་ལྟར་སྐྱོང་བ་པུ་ཏྲ་ནག་པོ་དང་། དགྲ་བགེགས་ཁྲམ་ལ་འདེབས་