[B:43b]ཀྱི་ཁྲ་
མམའི་ནང་ན་དཔལ་རྡོ་རྗེ་ནག་[A:141]པོ་ཆེན་པོ་གུར་གྱི་མགོན་པོ་གྲུབ་པའི་དབང་ཕྱུག་བྲམ་ཟེ་མཆོག་སྲེད་ཀྱི་གཟིགས་སྣང་དང་མཐུན་པ་ལ་ཕོ་ཉ་ལྔ་སྤྲུལ་དང་བཅས་པ། དེའི་གཡས་ཕྱོགས་ནས་རིམ་པ་བཞིན་དཔལ་གཉན་གྱི་མགོན་པོ་བྲམ་ཟེའི་གཟུགས་ཅན་སྐུ་རྔམ་བརྗིད་དང་ལྡན་པ་སྔར་ཞལ་གཟིགས་པའི་ཚུལ་བཞིན་དུ་བཀོད་པ་མཐོང་བ་ཙམ་གྱིས་སྔངས་པར་བྱེད་པ་ཞིག་དང་། སྐུ་གཡས་གཡོན་གྱི་གྲངས་ཚང་བར་བྱ་བའི་ཕྱིར་དང་། དོན་དུ་གཙོ་བོ་ཉིད་དང་དབྱེར་མ་མཆིས་པས་མདུན་གྱི་ཕོ་ཉ་མི་ནག་བླ་ཕྱོགས་སུ་ང་རོ་འབོད་པའི་ཚུལ་ཅན་དང་། མ་རུངས་པའི་ཚོགས་བསྡིགས་པར་བྱེད་པ་ལ་དཔའ་བའི་གནོད་སྦྱིན་ནག་པོ་ཞིང་ལྤགས་གྱོན་པ་དང་། མཚན་མོའི་མུན་པ་ལྟར་གནག་ཅིང་ཤ་ཁྲག་གི་དྲི་ཚོར་ན་སྐད་ཅིག་ལ་གླིང་བཞི་ཉུལ་བར་བྱེད་ཅིང་ཟ་འོག་གི་གོས་གྱོན་པ་གནོད་སྦྱིན་མོ་དང་། གཡོན་ཕྱོགས་ནས་རིམ་པ་བཞིན་འདོད་པ་ཁམས་ཀྱི་དབང་ཕྱུག་མ་མགྲིན་བཟང་ལ་བཅིབས་པ་ཉམས་པ་ཚར་གཅོད་ཅིང་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བར་མཛད་པ་བལྟ་བས་བཟོད་པར་དཀའ་བའི་ཉམས་ཅན་དང་། རྒྱལ་བའི་བཀའ་སྲུང་གི་ཕོ་ཉའི་གཙོ་བོ་ལེགས་ཉེས་ཀྱི་སྟངས་འཛིན་པར་བྱེད་པ་མོན་བུ་[A:142]པུ་ཏྲ་ནག་པོ་དང་། བདུད་ཀྱི་དམག་ཚོགས་བཟློག་པར་བྱེད་ཅིང་དམ་ཉམས་ཀྱི་དབུགས་ལེན་པ་དང་སྙིང་འཇིབས་པར་བྱེད་པ་བདུད་མ་རུངས་པའི་ཆ་བྱད་མོན་པ་བྷ་ཊ་དང་། དམ་ཚིག་ཅན་གྱི་རྗེས་སུ་འབྲང་སྟེ་བཀའ་སྒྲུབ་པས། ཇི་ལྟར་བསྐུལ་ན་ཁམས་གསུམ་ཡང་སྐད་ཅིག་གིས་བསྐོར་ཏེ་དགྲ་བགེགས་ཚར་གཅོད་པའི་སྲིང་མོ་ཁྲག་མིག་མ་སོགས་ཐམས་ཅད་ཀྱང་དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་ཞིང་། རང་རང་གི་མཚོན་ཆ་སོགས་དང་བཅས་པས་དུར་ཁྲོད་འཇིགས་སུ་རུང་བ་དང་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོའི་དབྱིངས་ན་བཞུགས་པའོ། ། གཙོ་བོའི་སྐུའི་འོག་ན་རྟེན་གྱི་དཀྱིལ་འཁོར་མཚན་ཉིད་ཚང་བ་དང་། ལྷ་མོ་དང་གཉན་མགོན་གྱི་སྐུའི་འོག་ན་ཡང་རང་རང་གི་སྒྲུབ་ཡིག་དང་མཐུན་པའི་རྟེན་གྱི་བཀོད་པ་རེའོ། ། བྱང་ནས་ལྷོར་གཟིགས་པ་ལ། འགྲོ་བ་རྣམས་ཀྱི་དབུལ་བ་འཕྲོག་ཅིང་རེ་འདོད་མ་ལུས་པ་ཡོངས་