R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༤༧
[A:༢༤༧]པ་སྟོན་མཆོག་ཐུབ་པའི་དབང་པོའི་སྐུ་བརྙན་རྣམ་པ་གཉིས་ཀྱི་གཙོས་པའི་རྟེན་གསུམ་ཕལ་ཆེ་བར་ཞལ་གསེར་གསོལ་བ་དང༌། དར་གོས་གྱ་ནོམ་པ་མང་པོའི་སྙན་དར་ཕུལ་བ་དང༌། ཁྱད་པར་ཇོ་ཤཱཀ་རྣམ་གཉིས་ཀྱི་མདུན་སྟོང་མཆོད་ཤིན་ཏུ་རྒྱས་པ་དང༌། ལྷ་ཁང་གཞན་རྣམས་སུ་མཆོད་འབུལ་གང་ཟབ་རེ་མཛད་པ་དང༌། སྨོན་ལམ་ཆེན་མོའི་སྐབས་ཀྱི་འདུས་ཚོགས་རིན་པོ་ཆེར་མང་ཇ་གཉིས་ཀྱི་བསྙེན་བཀུར་ཞུ་བའི་དོད་དུ་བཟང་ཇ་འཁོར་དྲུག་བདུན་ཅུ་ཐམ་པ་ལྷ་ས་བླ་བྲང་གི་ཕྱག་མཛོད་པར་འབུལ་ལམ་ཞུས་པ་དང༌། རྩེ་རྣམ་རྒྱལ་གྲྭ་ཚང༌། གླིང་ཁག་གསུམ་གྱི་གྲྭ་ཚང༌། ཚེ་ཆོག་གླིང༌། འབྲས་སྤུངས་འདུས་སྤྱི། དེའི་ནང་གསེས་གླིང་ཁང་ཚན། སེ་ར་འདུས་སྤྱི། དེའི་ནང་གསེས་ཏྲེ་བོ་ཁང་ཚན། དགའ་ལྡན། རྒྱུད་སྟོད་སྨད། རྨེ་རུ། བཞི་སྡེ་རྣམས་སུ་མང་ཇའི་བསྙེན་བཀུར་ཟབ་པ་དང༌། ནཱ་ལེནྡྲ། ར་བསྟོད་སོགས་ལྷ་ལྡན་དང་ཉེ་བའི་དགོན་པ་རྣམས་སུའང་མང་ཇ་དང༌། བསྔོ་འབྲེལ་སོགས་འབུལ་ལམ་ཞུ་རྒྱུ་བསྐུར་བར་མཛད་དེ། ཐོག་མར་རྗེ་འདི་ལྷོ་གནས་ཞིག་ལ་ཕེབས་རྩིས་མཛད་རུང༌། ས་སྐྱ་ནས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོས་ཀྱང་མི་རིང་བར་འབྱོན་དགོས་ཚུལ་གྱི་བཀའ་མཆིད་དབྱངས་ཀྱི་རྒྱལ་མོའི་རྒྱུད་མངས་ནས་དྲངས་པ་ལྟ་བུ་ཕེབས་པ་སོགས་ཀྱིས་སྡེ་དགེ་ཆོས་རྒྱལ་ཆེན་པོར་ཡང་སྙན་སྤྲོན་ཕུལ་ཏེ། རྗེ་འདི་ཧོར་ཟླ་བརྒྱད་པའི་མཇུག་ཏུ་ལྷ་ལྡན་ནས་ཆིབས་ཀྱི་གདོང་བསྒྱུར། ཡར་ལམ་སྙེ་ཐང་སྒྲོལ་མ་དང༌། རོང་བྱམས་ཆེན་རྣམས་ཀྱང་མཇལ། མཆོད་འབུལ་དང༌། མང་ཇའི་བསྙེན་བསྐུར་སོགས་ཞུས་ཏེ་རིམ་གྱིས་གཞིས་རྩེར་ཕེབས། དེ་སྐབས་པཎ་ཆེན་རིན་པོ་ཆེ་ཆབ་བཞེས་སུ་ཕེབས་ནས་མ་བཞུགས་པར་བརྟེན་བཀྲས་ལྷུན་དུ་རྗེས་སུ་ཕེབས་རྒྱུ་མཛད་དེ། གཞིས་