[A:༢༤༨]རྩེར་ཞག་གསུམ་ཙམ་བཞུགས་ནས་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔའི་ཉིན་ཨེ་ཝྃ་པའི་བླ་ཁག་ཁང་ཚན་དང་བཅས་པའི་ཕེབས་བསུ་དང༌། ཐབ་བསུ་དང༌། འདུས་ཚོགས་ཀྱི་སེར་སྦྲེང་གི་བཀོད་པ་ལྟ་བས་ཆོག་མི་ཤེས་པ་དང་བཅས་ཏེ། ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་དུ་ཉེར་འཚེའི་དྲི་མས་མ་གོས་པར་བདེ་བར་ཕེབས་པར་གྱུར་ཏོ། །དེ་ནས་ཀྱང་གཟའ་སྐར་ལེགས་འཛོམ་གྱི་ཉིན་ཨེ་ཝྃ་བླ་བྲང་དུ་གཞུང་དུ་མདོ་སྔགས་བསྟན་པའི་མངའ་བདག་མཁན་རིན་པོ་ཆེ་ལས་ཐོག་པ་བྱམས་པ་དཔལ་ལྡན་བཟང་པོའི་མདུན་དུ། སྐུ་གསུང་ཐུགས་ཀྱི་རྟེན་དང༌། དར། རས། ལིང༌། སྤུ་ཤུན་གྱི་རིགས་མང་པོ་དང༌། མཆོད་ཆ་དང་ཐབ་ཆ་སོགས་དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། ལྗོན་འདབ་འཁོར་དྲུག་ཉེར་ལྔ། རྒྱ་དངུལ་འདེགས་སྲང་ལྔ་བཅུ་ཐམ་པ། རྟ་དྲེལ་ལྔ། མཛོ་གཡག་བརྒྱད་བཅས་འབུལ་བར་མཛད་པ་དང༌། བླ་བྲང་ཕུན་ཚོགས་ཁང་གསར་དུ་ལུང་རིག་སྨྲ་བའི་གཙུག་རྒྱན་མཁན་རིན་པོ་ཆེ་ངག་དབང་བློ་གྲོས་བཟང་པོ་པ་དང༌། ཀླུ་ལྡིངས་བླ་བྲང་དུ་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་ཕུན་ཚོགས་པ་དང༌། ཕན་བདེ་ཁང་གསར་དུ་ཞབས་དྲུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་པ་སྟེ་སོ་སོའི་མདུན་དུའང་སྐུ་གསུང་ཐུགས་ཀྱི་རྟེན་དང༌། དར་རས་ལིང་སོགས་དང༌། སྤུ་ཤུན་གྱི་རིགས་མང་པོ། མཆོད་ཆ་དང་ཐབ་ཆ་སོགས་དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། ལྗོན་ཇ་འཁོར་དྲུག་བཅོ་ལྔ་རེ། རྒྱ་དངུལ་འདེགས་སྲང་བཅོ་ལྔ་རེ། རྟ་དྲེལ་གཉིས་རེ། མཛོ་གཡག་ལྔ་རེ་བཅས་ཕུལ་བ་དང༌། ཐར་རྩེ་རང་དུའང་རྣམ་དཀར་མཆོད་ཐེབས་ཀྱི་རྟེན་དུ་འབུལ་བ་ཤིན་ཏུ་སྟོབས་ཆེ་བ་དང༌། ཨེ་ཝྃ་པའི་ལྷ་ཁང་རྣམས་སུའང་མཆོད་འབུལ་གང་རྒྱས་དང༌། ཁྱད་པར་གཙུག་ལག་ཁང་དུ་མཆོད་པ་ཟབ་པ་དང་བཅས་ཏེ་དགེ་འདུན་འདུས་པ་རྒྱ་མཚོས་བླ་མ་མཆོད་པ་དང༌། ཀུན་རིག་གི་