R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༤༦
[A:༢༤༦]ལེགས་པར་མཇལ་བ་དང་ཆབས་ཅིག །མཎྜལ་སྐུ་གསུང་ཐུགས་རྟེན་དང༌། གསོལ་ཇ་བཞེས་འབྲས་ཀྱི་དོད་ཊམ་སྲང་བརྒྱད་ཕུལ་བསྟུན། མཎྜལ་སྐུ་གསུང་ཐུགས་རྟེན་རྣམས་གཞུང་རང་ནས་སྩལ་བའི་ལམ་སྲོལ་མཆིས་པ་ལྟར། གུས་པས་འབུལ་བ་སྔོན་དུ་འགྲོ་བས། དར། རས། ལིང༌། གོས་ཆེན་གྱི་རིགས་དང༌། སྤུ་ཤུན་གྱི་རིགས་རབ་ཏུ་མང་པོ་དང༌། མཆོད་ཆ་སོགས་དངོས་ཆས་སྣ་ཚོགས་པ་དང༌། རྒྱ་དངུལ་འདེགས་སྲང་བརྒྱ་ཐམ་པ། བོད་དངུལ་ཊམ་སྲང་ལྔ་བཅུ་ཐམ་པ། བཟང་ཇ་འཁོར་དྲུག་བཅུ། རྟ་དྲེལ་བདུན་བཅས་འབུལ་བར་མཛད་པ་དང༌། ཆོས་སྲིད་ཕྲིན་ལས་ཀྱི་འཁོར་ལོས་སྒྱུར་བ་སྲིད་སྐྱོང་ཚེ་སྨོན་གླིང་པར་ཡང༌། མཎྜལ་སྐུ་གསུང་ཐུགས་རྟེན་གསོལ་ཇ་བཞེས་འབྲས་ཀྱི་དོད་དངུལ་ཊམ་སྲང་བརྒྱད་དང༌། དར། རས། ལིང༌། གོས་ཆེན་གྱི་རིགས་དང༌། སྤུ་ཤུན་གྱི་རིགས་མང་པོ་དང་དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། རིན་ཆེན་གཉིས་པ་ཊམ་སྲང་བརྒྱ་ཐམ་པ། བཟང་ཇ་འཁོར་དྲུག་ལྔ། རྟ་དྲེལ་གསུམ་བཅས་འབུལ་ལམ་ཞུས་པར། ཕྱིར་སློག་ཏུ་ན་བཟའ་སྐུ་ཆས་སོགས་རྒྱ་ཆེ་བ་དང༌། ཡས་ཕྱིར་གྱི་ལམ་ཡིག་དང༌། དོས་རྟ། རྩྭ་ཤིང་སོགས་ཕོན་ཆེ་བ་དང༌། ཇ་ཡོད་རིགས་ལ་ཇ་ཁྲལ་རྩ་ཆག་སོགས་བཀའ་དྲིན་མཚུངས་ཟླ་མེད་པར་སྩལ་བ་དང༌། བསྟན་རྒྱས་གླིང༌། ཀུན་བདེ་གླིང༌། ཚེ་ཆོག་གླིང་རྣམས་དང༌། དགའ་ལྡན་ཁྲི་རིན་པོ་ཆེ་སོགས་སུའང་འབུལ་བ་གང་ཟབ་དང༌། གཞན་ཡང་བཀའི་བློན་ཆེན་རྣམས་དང༌། སྤྱི་ཁྱབ་མཁན་པོ་དང༌། རྩེ་ཤོད་ཀྱི་གསོལ་གཟིམ་མགྲོན་གཉེར་རྣམས་དང༌། ལྷ་ས་བླ་བྲང་གི་ཕྱག་མཛོད་པ་དང༌། གཉེར་ཚང་པ་དང༌། རྩེའི་ཕྱག་མཛོད་པ་དང༌། གཉེར་ཚང་པ་དང༌། མི་དཔོན་དང༌། རྩྭ་གཉེར་དང༌། ཤིང་གཉེར་སོགས་ལའང་གོ་བབས་དང་བསྟུན་པའི་ཇ་གསར་སྐབས་སུ་གང་བབ་རེ་སྩལ་བ་དང༌། ཁྱད་པར་སྲིད་ཞིའི་མཆོད་སྡོང་མཚུངས་ཟླ་མ་མཆིས་