[A:༢༤༩]ཆོ་ག་དང་ཚེ་ཆོག་སོགས་ཉིན་ཉེར་གསུམ་གྱི་བར་འཚོགས་པར་མཛད་པའི་ཐོག་མར་ཉིན་བཅུ་ལ་ཕྱག་འགྱེད་ཇ་གཏང་བར་དགེ་འདུན་བཅོ་ལྔ་རེ་ལ་ལྗོན་ཇ་སྦག་རེ་ཕུལ་བ་དང༌། ཡང་ཉིན་བཅུ་གཉིས་ལ་དངུལ་འགྱེད་བཏང་བར་ཉིན་རེ་བཞིན་གྲྭ་པ་རེ་ལ་དངུལ་ཊམ་ཕྱེད་རེ་ཕུལ་བ་དང༌། ཡང་ཉིན་གཅིག་ལ་དགེ་སློང་རེ་ལ་ཕྱག་འགྱེད་ཊམ་རེ་ཕུལ་བ་སྟེ། མདོར་ན་ཉིན་ཉེར་གསུམ་གྱི་བར་དུ་བསྙེན་བཀུར་རྒྱས་པར་མཛད་པ་དང༌། གཙུག་ལག་ཁང་དུ་བཟང་གོས་ཀྱི་འཕན་སོགས་སྦྱོར་འཇགས་སྩལ་བ་དང༌། གཞན་ཡང་དགོན་པའི་དབུ་ཆོས་རྣམས་སུ་འབུལ་བ་དང་ཇ་གསར་གང་ཟབ། ཁང་ཚན་བཅུ་གཅིག་པོ་སོ་སོར་རང་རང་གི་ཐོབ་ཁུངས་དང་ཁང་ཚན་ཆེ་ཆུང་ལ་གཞིག་པའི་ཇ་གསར་དང་གཏན་བཞག་གང་ཟབ་རེ་དང༌། བླ་ཁག་སོ་སོའི་ཕྱག་གཉེར་ལས་ཚན་གྱི་རིགས་དང༌། ཐར་རྩེ་རང་གི་ལས་ཚན་དང༌། བན་ཚང་དང༌། ལྟོ་ཟན་གྱི་རིགས་དང༌། ངོར་པའི་ཆོས་གཞིས་ཀྱི་མི་སེར་སོགས་ལའང་ཇ་གསར་དང་གནང་སྦྱིན་སོགས་སྐབས་སུ་གང་བབ་རེ་དང༌། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། དེའི་ནང་ཚན་གུར་པ་གྲྭ་ཚང༌། ཞྭ་ལུ་ཆོས་སྡེ། སྲད་རྒྱུད་པ། སྲད་དགོན་པ་ཁྲ་མོ་རྣམས་སུ་མང་ཇའི་བསྙེན་བཀུར་སོགས་མཛད་དོ། །སྡེ་དགེ་ཆོས་རྒྱལ་ཆེན་པོའང་རིས་སུ་མེད་པའི་དགོན་ཁག་སོ་སོར་བསྙེན་བཀུར་རྒྱ་ཆེར་སྩོལ་བཞིན་པའི་སྒོ་ནས་ཧོར་ཟླ་བཅུ་པའི་ནང་སྔ་ཕྱིའི་ཕེབས་བསུ་དང་སེར་སྦྲེང་གི་ཚོགས་དང་བཅས་ཏེ་ཨེ་ཝྃ་དུ་ཕེབས། བླ་ཁག་སོ་སོར་འབུལ་བ་དང༌། རྟེན་གསུམ་རིགས་ལ་མཆོད་འབུལ་དང༌། འདུས་ཚོགས་སུ་མང་འགྱེད་ཀྱི་བསྙེན་བཀུར་སོགས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལ་ཅོ་འདྲི་བ་བཞིན་མཛད། རྗེ་འདི་ལས་ནཱ་རོ་མཁའ་སྤྱོད་མའི་ཁྲིད་དང༌། ཀྱེ་རྡོར་རྒྱུ་ལམ་གྱི་དབང་ལ་སོགས་པའི་བཀའ་ཆོས་འགའ་ཞིག་གསན་ཏེ་ཧོར་ཟླ་བཅུ་གཅིག་པའི་ནང་ས་སྐྱར་ཕེབས། རྗེ་འདིའང་ཟླ་བ་དེའི་མཇུག་ཏུ་ས་ལ་གནས་པའི་འོག་མིན་ཆེན་པོ་དཔལ་ལྡན་ས་སྐྱར་ཕེབས་ཏེ། ཁྲི་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོའི་གསེར་ཞལ་རིན་པོ་ཆེ་