R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༥༡
[A:༢༥༡]ཅན་རྣམས་ཀྱི་དྲུང་དུ་མཆོད་འབུལ་དང་གསེར་གསོལ་དང༌། དར་གོས་གྱ་ནོམ་པ་མང་པོའི་སྙན་དར་འབུལ་བ་དང༌། སྤྲུལ་པའི་ལྷ་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་གཉིས་ཀྱི་སྟེང་ཕྱག་འགྱེད་ཟབ་པར་ཕུལ་བ་དང༌། འཇམ་མགོན་ཁྲི་ཆེན་རིན་པོ་ཆེས་བཀའ་ཆོས་འགའ་ཞིག་དགོས་ཚུལ་ཕེབས་པ་རྣམས་ཀྱང་ཐུགས་བཞེད་བཞིན་ཕུལ་ཏེ་ཨེ་ཝྃ་དུ་ཕེབས། དེ་རྗེས་ཧོར་ཟླ་བཅུ་གཉིས་པའི་མཇུག་ཏུ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ། པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་མཚན་དཔེའི་དཀྱིལ་འཁོར་མཇལ་བ་དང་ལྷན་ཅིག །མཎྜལ་སྐུ་གསུང་ཐུགས་རྟེན་གསོལ་ཇ་བཞེས་འབྲས་ཀྱི་དོད་དངུལ་ཊམ་སྲང་བརྒྱད་དང༌། དར། རས། ལིང༌། གོས་ཆེན་གྱི་རིགས་དང༌། སྤུ་ཤུན་གྱི་རིགས་དང༌། མཆོད་ཆའི་རིགས་ལ་སོགས་པ་དང༌། རྒྱ་དངུལ་འདེགས་སྲང་ལྔ་བཅུ་ཐམ་པ། ལྗོན་ཇ་འཁོར་དྲུག་སུམ་ཅུ་སོ་ལྔ། རྟ་དྲེལ་ལྔ་བཅས་ཕུལ་བ་དང༌། ཞབས་པད་མདུན་དུའང་ཚན་གྲངས་ཁ་ཤས་དང༌། ལྗོན་ཇ་འཁོར་དྲུག་ལྔ། རྟ་གཅིག་བཅས་དང༌། གཞན་ཡང་རྩེའི་གསོལ་གཟིམ་མགྲོན་གཉེར་ཕྱག་མཛོད་སོགས་སུའང་འདྲིས་ཟབ་དང་བསྟུན་པའི་ཇ་གསར་གང་འཚམ་རེ་དང༌། ཁྱད་པར་དགོན་དེའི་རྟེན་གསུམ་ཡོངས་ལ་མཆོད་འབུལ་དང༌། འདུས་ཚོགས་སྤྱིར་མང་ཇའི་བསྙེན་བཀུར་དང༌། དེའི་ནང་གསེས་རྒྱ་ཁང་ཚན་པར་མང་ཇ་དང་ཇ་གསར་སོགས་ཟབ་པར་མཛད་དེ་ཨེ་ཝྃ་དུ་ཕེབས། མདོར་ན་སྔ་ན་མེད་པའི་གཏོང་ཕོད་ཀྱི་གྲུ་ཆར་གཤིན་པོས་ཚོགས་གཉིས་ཀྱི་སྙེ་མ་དགུང་ལ་རེག་པར་མཛད་པ་ཡིན་ནོ། །བརྟན་ཞིང་སྲ་བའི་རྒྱས་བཏབ་པའི། །ལྷུན་པོ་དག་ཀྱང་ཐ་མར་འཇིག །དངོས་ཀུན་མི་རྟག་ཆོས་ཉིད་ཅན། །འདི་ལ་ཕྱིར་བཅོས་སུ་ཡིས་ཤེས། །དེ་བས་སྒྱུ་མའི་ལོངས་སྤྱོད་ཀྱིས། །བསོད་ནམས་གཏེར་ཆེན་བསྒྲུབ་བྱ་ཞེས། །ཀུན་གྱི་བློ་ཡི་བསྒོ་སྐལ་ནི། །