R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༥༢
[A:༢༥༢]གང་འདི་གཅིག་པུས་ཐོབ་པ་བཞིན། །སྣ་ཚོགས་ནོར་གྱི་འདུ་བྱེད་ཀྱིས། །རྟེན་གསུམ་རྡུལ་སྙེད་བསྒྲུབས་བགྱིས་ཀྱང༌། །གཞར་ཡང་འཛད་པར་མ་གྱུར་པའི། །སྲིད་འདིའི་འབྱོར་པ་ཤིན་ཏུ་མང༌། །ཁྱད་པར་སྲིད་པའི་ལོངས་སྤྱོད་ཀྱིས། །ཞི་བདེ་འགུགས་པའི་བྱ་མ་རྟ། །ཆེད་དུ་མངགས་པའི་རིག་སྔགས་འདིས། །ཀུན་ཀྱང་བསོད་ནམས་དཔལ་ལ་སྦྱར། །གང་དེའི་འབྱོར་པའི་ཁྱད་པར་གྱི། །མི་ཟད་ནམ་མཁའ་མཛོད་ཀྱི་སྒོ། །རུ་བཞིའི་ལྗོངས་སུ་ཕྱེ་བ་ནི། །གདེངས་ཅན་གཙུག་གི་ནོར་བུ་བཞིན། །ཤིན་ཏུ་གཏོང་བའི་སྦྱིན་པས་ཀྱང༌། །ཚིམ་མེད་བདག་ཉིད་ཆེ་འདི་མཚར། །འོན་ཏེ་དབྱར་གྱི་དཔལ་མོ་ཡིས། །ཕན་པ་སྟེར་ལ་ངོམས་མ་གྱུར། །གང་ཕྱིར་མཆོག་གི་ཞབས་སྐྱེས་རྡུལ། །ཡུལ་དབུས་སྨན་ལྗོངས་ལ་བཀོད་པས། །སྐལ་བཟང་དགའ་བའི་དགའ་སྟོན་དང༌། །དད་དང་དཔལ་འབྱོར་ལྷན་ཅིག་འཕེལ། །རབ་འབྱམས་མཆོད་པའི་སྤྲིན་ཆེན་གྱིས། །ཕྱོགས་ཀུན་དོག་པོར་འགེངས་པ་འདིས། །ཀུན་བཟང་རྣམ་པར་འཕྲུལ་པ་ལ། །འགྲོ་འདིའི་གུད་པ་ལྷོད་ཀྱིས་དོགས།། །།གསུམ་པ་སླར་ཡང་མདོ་ཁམས་སུ་བྱོན་ནས་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ནི། དེའང་འདི་ལྟར་རྗེས་སུ་ཐོས་ཏེ། སྡེ་དགེ་ཆོས་རྒྱལ་ཆེན་པོར་རྗེ་འདིས་སྐུ་ན་མཐོ་བ་སོགས་ཀྱིས་སླར་མདོ་ཁམས་སུ་འབྱོན་མི་དགོས་པའི་དགོངས་ཁྲོལ་ཡར་ལམ་བྱང་ཐང་ནས་བཟུང་སྟེ་ཞུ་བར་མཛད་པར། ཧ་ལམ་དགོངས་ཁྲོལ་ཡོང་རྩིས་ལྟ་བུ་ཡིན་པ་ལ། ཆོས་རྒྱལ་ཆེན་པོ་ས་སྐྱར་ཕེབས་སྐབས་ད་དུང་ལན་ཅིག་མདོ་ཁམས་སུ་མ་བྱོན་པའི་ཐབས་མེད་ཚུལ་གྱི་བཀའ་ནན་ཕེབས་པར། ཡང་བསྐྱར་དགོངས་ཁྲོལ་ཞུ་བར་མཛད་ནའང་དགོངས་པ་ཁྲོལ་བ་ཞིག་གཏན་ནས་མ་བྱུང་བར་བརྟེན་ལན་ཅིག་མདོ་ཁམས་སུ་ཆིབས་ཀྱི་གདོང་བསྒྱུར་བར་ཐག་བཅད། སྡེ་དགེའི་ཆོས་རྒྱལ་ཆེན་པོ་ཧོར་ཟླ་བཅུ་གཉིས་པའི་ནང་ས་སྐྱ་ནས་ངོར་དུ་ཕེབས། དེར་