[A:༢༥༣]ཞག་བཅུ་སྐོར་ཙམ་བཞུགས་ནས་ལྷ་ལྡན་དུ་སྔོན་ནས་ཕེབས། རྗེ་འདི་ཆུ་སྦྲུལ་ཧོར་ཟླ་དང་པོའི་མཇུག་ཏུ་ས་སྐྱ་ནས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེས་བང་མི་ཆེད་གཏོང་གི་བཀའ་ནན་གོང་ཆེ་ཕེབས་པ་ལ་བརྟེན་ས་སྐྱར་ཕེབས། འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་དང༌། དེ་སྲས་བཀྲ་ཤིས་རིན་ཆེན་བཅས་སུ་གསང་འདུས་འཇམ་རྡོར་གྱི་དབང་དང༌། གཤེད་དམར་ལྷ་ལྔའི་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་སྤྲོས་མེད་ཀྱི་ཁྲིད་ལ་སོགས་པའི་བཀའ་ཆོས་རྣམས་ཐུགས་བཞེད་བཞིན་ཕུལ། གསང་འདུས་འཇམ་རྡོར་གྱི་དབང་སྩལ་བའི་ཉིན་ཁྲི་ཆེན་རིན་པོ་ཆེས་རྗེ་འདི་གསང་བ་འདུས་པ་འཇམ་པའི་རྡོ་རྗེར་དངོས་སུ་གཟིགས། དེ་ནུབ་ཁྲི་ཆེན་རིན་པོ་ཆེས་དམ་རྫས་སྟོང་རྡོ་དང༌། ཁྲི་རྡོ་མང་པོ་རྗེ་འདི་ལ་ཕུལ་ཞིང་ཐུགས་དགྱེས་ཚོར་དང་བསྔགས་བརྗོད་མཐའ་ཡས་པ་མཛད་ཅེས་གྲགས། འཇམ་མགོན་དངོས་གྲུབ་དཔལ་འབར་ནས་ཀྱང་ཚེ་དབང་སོགས་རྐྱེན་སེལ་འགའ་ཞིག་དགོས་ཚུལ་ཕེབས་པ་བཞིན་འབུལ་བར་མཛད། ཚུར་ཡང་སྐུ་ངོ་རྣམས་ལས་གོང་དུ་ཐོས་པ་མཛད་པའི་སྐབས་སུ་བཤད་པ་ལྟར་གྱི་བཀའ་ཆོས་ཅི་རིགས་པས་གསན་ཏེ་ཨེ་ཝྃ་དུ་ཕེབས། མདོ་ཁམས་སུ་ཕེབས་རྒྱུའི་སྟ་གོན་སོགས་སྐབས་སུ་བབ་པའི་ཐུགས་བྲེལ་རྣམས་རིམ་གྱིས་བཅད། ཧོར་ཟླ་བཞི་པའི་མཇུག་མདོ་ཁམས་སུ་ཕེབས་ཉེའི་སྐབས་ས་སྐྱ་ནས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེས་ས་སྐྱར་ལན་ཅིག་མ་བྱོན་ཐབས་མེད་ཡིན་ཚུལ་གྱི་བཀའ་ནན་ཕེབས་པར་བརྟེན། ངོར་ནས་ས་སྐྱ་བར་ཞག་གཅིག་མཛད་དེ་ཕེབས། ས་སྐྱར་ཉིན་ཞག་ལྔ་བཞུགས། དེའི་བར་ལ་འཇམ་མགོན་ཁྲི་ཆེན་རིན་པོ་ཆེས་རྒྱུན་དུ་ཉམས་བཞེས་བསྐྱངས་པའི་ཐུགས་དམ་གྱི་ལྷ་གང་ཡོད་ཀྱི་དབང་དང་རྗེས་གནང་རྣམས་ཐུགས་བཞེད་བཞིན་ཕུལ། ས་སྐྱ་ནས་ངོར་བར་ཞག་གཅིག་མཛད་དེ་ཕེབས། དེ་ནས་དགུང་གྲངས་