[A:༢༥༤]ང་བརྒྱད་པ་རྣམ་རྒྱལ་ཞེས་པ་ཆུ་མོ་སྦྲུལ་གྱི་ལོའི་ཧོར་ཟླ་བཞི་པའི་དམར་ཕྱོགས་ཀྱི་རྫོགས་པ་གསུམ་པའི་ཉིན་སྤྱི་དང་བྱེ་བྲག་གི་ཆིབས་སྐྱེལ་གྱི་ཚོགས་དང་བཅས་ཏེ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་ནས་ཆིབས་བཏེག །མར་ལམ་བྱང་བརྒྱུད་ཀྱིས་ཕེབས་ཏེ་ཧོར་ཟླ་ལྔ་པའི་མཇུག་ཏུ་བཀྲ་ཤིས་དབུ་མ་ཐང་དུ་ཕེབས། །དེ་ནས་མཆོད་ཡོན་ལྷན་རྒྱས་པའི་སྒོ་ནས་ཆིབས་ཀྱི་གདོང་བསྒྱུར། མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ནས་སྔ་ཕྱིར་ཕེབས་བསུའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་ལྷགས་པ་རྣམས་དང་ལྷན་ཅིག་རིམ་གྱིས་བྱོན། ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ཉིན་དགོན་པའི་སེར་སྦྲེང་ལ་སོགས་པ་ཕེབས་བསུའི་བཀོད་པ་ལྟ་བས་ཆོག་མི་ཤེས་པ་ས་དང་ནམ་མཁའི་ཁ་དོག་ཀྱང་བསྒྱུར་བསྙམ་བྱེད་པ་དང་བཅས་ཏེ། དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོར་ཉེར་འཚེའི་དྲི་མ་མེད་པར་མཆོད་ཡོན་ཐམས་ཅད་བདེ་བར་ཕེབས་པར་གྱུར་ཏོ། །དེ་ནས་བཟུང་སྟེ་དགུང་གྲངས་རེ་གཉིས་པ་མེ་བྱ་ལོའི་བར་ལོ་བཞི་མདོ་ཁམས་སུ་བཞུགས། ཉེ་སྐོར་གྱི་སྦྱིན་བདག་དད་པ་ཅན་རྣམས་ཀྱིས་གདན་དྲངས་པའི་ངོར་ལན་ཁ་ཤས་ཕེབས་པ་མ་གཏོགས་གཞན་ཕྱོགས་གང་དུའང་མ་ཕེབས། ལོ་རེ་བཞིན་དྲུག་འདུའི་དབུ་བཞུགས་ཀྱང་རྟག་པར་མཛད། རྒྱུན་དུ་ཆོས་རྒྱལ་མཆོག་གི་ཐུགས་བཞེད་ལྟར་གྱི་དབང་ཁྲུས་རིགས་འབུལ་བ་དང༌། རྒྱལ་ཁབ་ཆེན་པོ་དེར་འཕྲལ་ཡུན་ཀུན་ཏུ་བདེ་སྐྱིད་རྒྱ་ཆེར་འབྱུང་བའི་སླད་དུ་སྐུ་རིམ་གསར་འཕར་གྱི་རིགས་མང་པོ་བསྒྲུབ་པ་དང༌། ཁྱད་པར་ཆོས་རྒྱལ་མཆོག་གིས་སླར་ཡང་གསོལ་བ་བཏབ་པ་བཞིན་དུ། གྲུབ་ཆེན་བིརྺ་པའི་ཐུགས་བཅུད་ཐུན་མོང་མ་ཡིན་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་དུ་གྲགས་པའི་སྨིན་གྲོལ་ཡོངས་སུ་རྫོགས་པ་ཤིན་ཏུ་རྒྱས་པ་ཚར་གཅིག་དང༌། ནཱ་རོ་མཁའ་སྤྱོད་མའི་སྨིན་གྲོལ་ཡོངས་སུ་རྫོགས་པ་དང༌། གཞན་ཡང་ས་སྐྱ་པའི་གསེར་ཆོས་ཀྱི་སྐོར་དང༌།