R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༥༩
[A:༢༥༩]ཅན་དང༌། མེ་མདའ་ལྔ་དང༌། ཀྲྀཥྞ་སཱ་རའི་པགས་པ་དང༌། མདའ་སག་ལ་སོགས་པ་དང༌། གཞན་ཡང་བཞུགས་འབོལ་དང༌། ཁ་གང་མ་དང༌། གྲལ་གདན་སོགས་ཤིན་ཏུ་མང་བ་དང༌། ཅོག་རྩེ་བཟང་འབྲིང་སྣ་ཚོགས་པ་དང༌། ཐབ་ཆའི་སྐོར་ལ་ཁྲོ་རག་ཟངས་སོགས་ཀྱི་སྣོད་སྤྱད་མང་པོ་དང༌། མ་ཧཱ་ཙི་ནའི་ཡུལ་གྱི་ལྗོན་ཇ་འཁོར་དྲུག་དྲུག་ཅུ་ཐམ་པ་དང༌། མར་རྒྱ་ཉིས་བརྒྱ་དང་སུམ་ཅུ་བཅས་གསར་སྦྱོར་མཛད་པ་དང༌། ཆོས་རྒྱལ་ཆེན་པོའི་དབུས་དད་པ་ཅན་ཕལ་མོ་ཆེས་ཕེབས་བརྫོང་གི་རིགས་གྱ་ནོམ་པ་ཕུལ་ཞིང༌། ཕར་ཡང་དེ་རྣམས་ལ་ཆོས་དང་ཟང་ཟིང་གི་སྦྱིན་གཏོང་སྐབས་སུ་གང་བབ་མཛད་ཅིང༌། སྐུའི་དབོན་ཐུགས་ཀྱི་སྲས་མཆོག་དམ་པ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་གདན་ཚབ་ཏུ་མངའ་གསོལ་ཏེ། དགུང་ལོ་རེ་གཉིས་པ་གསེར་འཕྱང་གི་ལོའི་སྣྲོན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་ཆིབས་སྐྱེལ་གྱི་ཚོགས་རྒྱ་ཆེ་བ་དང་བཅས་ཏེ་དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ནས་ཆིབས་ཀྱི་གདོང་བསྒྱུར། སྡེ་དགེ་ཆོས་རྒྱལ་ཆེན་པོ་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་པའང་སྒ་ལེན་སྟེང་བར་ཆིབས་སྐྱེལ་དུ་བྱོན། དེར་ཐོག་མཐའ་བར་གསུམ་དགེ་བའི་སྨོན་ལམ་དང་བཀའ་བསྒོ་སོགས་རྒྱས་པར་སྩལ། ཆོས་རྒྱལ་ཆེན་པོ་མཆོག་ནས་ཀྱང་རྡོ་ར་དམར་ཀོ་བར་གྱི་ཆིབས་སྐྱེལ་དུ་ལྡན་དཔོན་ཚེ་འཕེལ་འཁོར་དང་བཅས་པ་དང༌། ཨེ་ཝྃ་ཆོས་ལྡན་གྱི་གདན་ས་རང་དུ་མ་ཕེབས་བར་གྱི་ཞབས་འབྲིང་བར་ཕུ་མའི་འདུན་འཁོར་ཚེ་རིང་འཕེལ་དཔོན་གཡོག་རྣམས་གཏོང་གནང་མཛད་པ་བཞིན་རིམ་གྱིས་ཆིབས་བཏེག །མཛོད་པ་ནོར་ལྡན་ཤེས་རབ་བཟང་པོས་ལོ་སྔ་མ་རྣམས་སུ་སྡེ་དགེ་དང་གླིང་ཚང་རྒྱལ་ཁབ་གཉིས་དམག་འཁྲུགས་གཞི་ཆེ་ཙམ་བྱུང་བར་བར་འདུམ་བྱས་པར་ལེགས་འགྲིག་བྱུང་རུང༌། ཕྲན་བུའི་མཐའ་བསྡུ་རྒྱུ་