R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༦༠
[A:༢༦༠]ལུས་པ་རྣམས་མཐར་ཕྱིན་པའི་སླད་དུ་རྗེས་སུ་ཟླ་གཅིག་ཙམ་བཞུགས། རྗེ་འདིས་ཟུལ་ཕུ་སྟོད་སྨད། མཁར་མདོ། ཁྲ་ཐང༌། ཤང་ཐོ་དགོན། གདོང་ཚང་དགོན་རྣམས་སུ་དད་པ་ཅན་སོ་སོས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཆོས་ཀྱི་བདུད་རྩིའང་ཅི་རིགས་པར་སྩལ། དེ་ནས་ཝེ་རེ་རྡོ་སྒེས་ཀྱི་ཆུ་ཚན་དུ་ཆབ་བཞེས་མཛད་ཅིང་ཞག་ཁ་ཤས་བཞུགས་སྐབས་མཛོད་པ་འཁོར་བཅས་ཀྱང་འབྱོར། དེ་ནས་ཆིབས་བཏེག་སྟེ་རྡོ་ར་དམར་ཀོར་བྱོན། དེར་ཞག་་ཁ་ཤས་བཞུགས་ཏེ་སྒ་སྟོད་ཕྱོགས་ཀྱི་དགོན་ཁག་རྣམས་དང༌། དད་པ་ཅན་དག་གིས་ཕེབས་བརྫོང་སོགས་རིམ་པར་བསྟབས་ཤིང༌། དེ་ཐམས་ཅད་ལའང་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་མཛད་ནས་ཧོར་ཟླ་བདུན་པའི་ཚེས་མགོར་རྡོ་ར་དམར་ཀོ་ནས་ཆིབས་ཀྱི་གདོང་བསྒྱུར། རི་ཀླུང་གི་རྒྱུད་དུ་མ་དང༌། གནམ་གྱི་དུམ་བུ་ས་ལ་ལྷུང་བ་ལྟ་བུའི་ཐང་ཆེན་པོ་མང་པོ་བརྒལ་ཏེ་རིམ་གྱིས་བྱང་རྭ་སྒྲེང་གི་ཆོས་གྲྭ་ཆེན་པོར་ཕེབས། དེར་བཞུགས་པའི་རྟེན་གསུམ་ཡོངས་ལ་མཆོད་འབུལ་དང༌། དེ་སྐབས་རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་དཔལ་བཟང་པོ་འབྲས་སྤུངས་སུ་སྐུ་ཡོན་གསན་སྦྱོང་མཛད་པར་ཕེབས་ནས་བཞུགས་མི་སྣང་ཡང༌། རྭ་སྒྲེང་བླ་བྲང་གི་འབུལ་སྐལ་དུ་མཎྜལ་སྐུ་གསུང་ཐུགས་རྟེན། ཇ་འཁོར་དྲུག་བདུན། རྟ་དྲེལ་གསུམ། མཛོ་གཡག་བཞི། གཞན་ཡང་ཚན་གྲངས་ཁ་ཤས་དང༌། ཏཱ་བླ་མར་ཡང་ཇ་གསར་གང་འོས་དང༌། དགོན་པར་མང་ཇའི་བསྙེན་བཀུར་བཅས་རྒྱས་པར་མཛད་ནས་སྟག་ལུང་དུ་ཕེབས། དེར་ཡང་སྟག་ལུང་བླ་མ་རིན་པོ་ཆེར་མཎྜལ་སྐུ་གསུང་ཐུགས་རྟེན། ལྗོན་ཇ་འཁོར་དྲུག་གསུམ། རྟ་དྲེལ་གཉིས། མཛོ་གཡག་གཉིས། ཚན་གྲངས་ཁ་ཤས་བཅས་དང༌། དགོན་དེའི་རྟེན་གསུམ་རྣམས་ལ་བརྒྱ་མཆོད་རྣམ་ལྔ་དང༌། འདུས་ཚོགས་སུ་མང་ཇའི་བསྙེན་