[A:༢༦༡]བཀུར་བཅས་བསྒྲུབས་ཤིང༌། དེ་ནས་དར་ལུང་གཉན་གྱི་ཕོ་བྲང་དང༌། བྲག་ཡེར་པ་རྣམས་སུའང་མཆོད་འབུལ་དང་ཐུགས་སྨོན་ཞིབ་པར་མཛད་ནས་ཧོར་ཟླ་བཅུ་པའི་ནང་ལྷ་ལྡན་དུ་ཕེབས། དེ་སྐབས་རྒྱལ་དབང་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྒྱ་མཚོ་ཞིང་ཁམས་གཞན་དུ་གཟིགས་པའི་ངང་ཚུལ་བསྟན་པར་གྱུར་ནའང༌། དེའི་སྐུ་གདུང་རིན་པོ་ཆེའི་མདུན་དུ་མཎྜལ་སྐུ་གསུང་ཐུགས་རྟེན། བཟང་ཇ་འཁོར་དྲུག་བརྒྱ་ཐམ་པ། རྒྱ་དངུལ་འདེགས་སྲང་ལྔ་བཅུ་ཐམ་པ། བོད་དངུལ་ཊམ་སྲང་ལྔ་བཅུ་ཐམ་པ། རྟ་དྲེལ་བཅུ་བཞི། མཛོ་གཡག་ཉི་ཤུ། གཞན་ཡང་མཆོད་ཆ་དང་ཐབ་ཆའི་སྐོར་དང༌། ཚན་གྲངས་ཀྱི་རིགས་ཤིན་ཏུ་མང་བ་དང༌། རྒྱལ་ཚབ་ཆེན་པོ་ཚེ་སྨོན་གླིང་པར་ཡང༌། མཎྜལ་སྐུ་གསུང་ཐུགས་རྟེན། གསོལ་ཇ་བཞེས་འབྲས་ཀྱི་དོད་དང༌། བཟང་ཇ་འཁོར་དྲུག་ལྔ་བཅུ་དང༌། བོད་དངུལ་ཊམ་སྲང་ལྔ་བཅུ་ཐམ་པ། རྟ་དྲེལ་བདུན་དང༌། མཛོ་གཡག་བཅུ་དང༌། ཚན་གྲངས་ཀྱི་རིགས་རབ་ཏུ་མང་པོ་དང་བཅས་འབུལ་ལམ་ཞུས་པར། ཕྱིར་ཡང་འབུལ་སློག་རྒྱ་ཆེ་བ་དང༌། ལམ་ཡིག་དང༌། དོས་རྟ་རྩྭ་ཤིང་སོགས་ཕོན་ཆེ་བ་དང༌། ཇ་ཁྲལ་རྩ་ཆག་སོགས་གཟིགས་སྐྱོང་ཟླ་མེད་པར་སྩལ་བ་དང༌། ཀུན་བདེ་གླིང་དང༌། བསྟན་རྒྱས་གླིང༌། ཚེ་ཆོག་གླིང་རྣམས་སུ་སོ་སོར་ཇ་འཁོར་ལྔ་རེ་དང༌། རྟ་དྲེལ་གཉིས་ཀྱི་གཙོས་པའི་ཚན་གྲངས་ཁ་ཤས་རེ་དང༌། རྭ་སྒྲེང་ཁྲི་ཆེན་རིན་པོ་ཆེ་འབྲས་སྤུངས་སུ་བཞུགས་པར་ཞལ་མཇལ་ཞུ་བ་དང་ཆབས་ཅིག་མཎྜལ་སྐུ་གསུང་ཐུགས་རྟེན། ལྗོན་ཇ་འཁོར་གསུམ་བཅས་དང༌། གཞན་ཡང་བཀའ་ཤག་དང༌། སྤྱི་ཁྱབ་མཁན་པོ་དང༌། རྩེ་ཤོད་ཀྱི་གསོལ་གཟིམ་མགྲོན་གཉེར་རྣམས་དང༌། ལྷ་ས་བླ་བྲང་གི་ཕྱག་མཛོད་པ་དང༌། གཉེར་ཚང་པ་དང༌། རྩེའི་ཕྱག་མཛོད་པ་དང༌། གཉེར་ཚང་པ་དང༌། མི་དཔོན་དང༌། རྩྭ་གཉེར་དང༌། ཤིང་