[A:༢༦༣]གསོལ་གཟིམ་མགྲོན་གཉེར་ཕྱག་མཛོད་སོགས་ལའང་འདྲིས་ཟབ་ཆེ་ཆུང་དང་བསྟུན་པའི་ཇ་སར་སྐབས་སུ་གང་བབ་རེ་དང༌། ཁྱད་པར་དགོན་དེའི་རྟེན་གསུམ་ཡོངས་ལ་མཆོད་འབུལ་དང༌། འདུས་ཚོགས་སྤྱིར་མང་ཇའི་བསྙེན་བཀུར་དང༌། དེའི་ནང་གསེས་རྒྱ་ཁང་ཚན་པར་མང་ཇ་ཇ་གསར་སོགས་སྐབས་སུ་ཇི་ལྟར་བབ་པ་རྣམས་ལེགས་པར་མཛད་ནས་ཧོར་ཟླ་བཅུ་གཅིག་པའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཅུ་གསུམ་གྱི་ཉིན་སྤྱི་དང་བྱེ་བྲག་གི་ཆིབས་བསུ་དང༌། ཐབ་བསུ་དང༌། ཁྱད་པར་དགོན་པའི་སེར་སྦྲེང་གི་ཚོགས་དང་བཅས་ཏེ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ཨེ་ཝྃ་ཆོས་ལྡན་དུ་ཉེར་འཚེའི་དྲི་མས་མ་གོས་པར་བདེ་བར་ཕེབས་པར་གྱུར་ཏོ། །དེ་ནས་ཀྱང་རིམ་གྱིས་གཟའ་སྐར་ལེགས་འཛོམ་གྱི་ཉིན་ཨེ་ཝྃ་བླ་བྲང་གཞུང་དུ་རྗེ་འདིའི་སྐུ་མཆེད་མདོ་སྔགས་བསྟན་པའི་མངའ་བདག་མཁན་རིན་པོ་ཆེ་ཁྲི་ཐོག་པ་རྣལ་འབྱོར་འཇམ་དཔལ་བཟང་པོའི་དྲུང་དུ། མཎྜལ་སྐུ་གསུང་ཐུགས་རྟེན། དར། རས། ལིང༌། སྤུ་ཤུན་ལ་སོགས་པ་དང༌། མཆོད་ཆ་དང༌། ཐབ་ཆའི་རིགས་སྣ་ཚོགས་པ་དང༌། རྒྱ་དངུལ་འདེགས་སྲང་ལྔ་བཅུ་ཐམ་པ་དང༌། ལྗོན་ཇ་འཁོར་དྲུག་ལྔ་བཅུ། རྟ་དྲེལ་ལྔ་བཅས་འབུལ་བར་མཛད་པ་དང༌། ཕན་བདེ་ཁང་གསར་དུ་མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་མཁན་རིན་པོ་ཆེ་བྱམས་པ་དཔལ་ལྡན་བཟང་པོ་པ་དང༌། ཞབས་དྲུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་པ་གཉིས་ལྷན་རྒྱས་པའི་མདུན་དང༌། བླ་བྲང་ཕུན་ཚོགས་ཁང་གསར་དུ་ཞབས་དྲུང་རིན་པོ་ཆེ་ངག་དབང་བློ་གྲོས་བསྟན་འཛིན་པ་དང༌། ཀླུ་ལྡིངས་བླ་བྲང་དུ་ཞབས་དྲུང་རིན་པོ་ཆེ་དཔལ་ལྡན་ཕུན་ཚོགས་པ་སྟེ་སོ་སོའི་མདུན་དུའང༌། སྐུ་གསུང་ཐུགས་ཀྱི་རྟེན་དང༌། དར། རས། ལིང༌། སྤུ་ཤུན་གྱི་རིགས་དང༌། མཆོད་ཆ་དང༌། ཐབ་ཆའི་སྐོར་སྣ་ཚོགས་པ་དང༌། རྒྱ་དངུལ་འདེགས་སྲང་ཉེར་ལྔ་རེ་དང༌།