[A:༢༦༤] ལྗོན་ཇ་འཁོར་དྲུག་ཉི་ཤུ་རེ། རྟ་དྲེལ་གསུམ་རེ་བཅས་ཕུལ་བ་དང༌། ཐར་རྩེ་རང་དུའང་རྣམ་དཀར་མཆོད་ཐེབས་ཀྱི་རྟེན་དུ་འབུལ་བ་ཤིན་ཏུ་སྟོབས་ཆེ་བ་དང༌། མཁས་དང་གྲུབ་པའི་དབང་ཕྱུག་མཁན་རིན་པོ་ཆེ་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་པ་དང༌། ཁང་སེར་དཔོན་སློབ་རིན་པོ་ཆེ་བཅས་སུའང་འབུལ་བ་གང་ཟབ་དང༌། དགོན་པའི་ཆོས་ཁྲིམས་དང༌། བླ་ཁག་སོ་སོའི་ཕྱག་གཉེར་སོགས་ལས་ཚན་གྱི་རིགས་དང༌། ཐར་རྩེར་རང་གི་ལས་ཚན་གྲྭ་ཚང་སོགས་དང༌། ངོར་ཆོས་ཀྱི་མི་སེར་སོགས་ལའང་ཇ་གསར་དང་གནང་སྦྱིན་སྐབས་སུ་གང་བབ་སྩལ་ནས། ཟླ་བ་དེའི་མཇུག་ཏུ་ལུང་རྟོགས་ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་ཁྲི་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོའི་མདུན་དུ་ས་སྐྱ་གཞུང་གི་འབུལ་བར། མཎྜལ་སྐུ་གསུང་ཐུགས་རྟེན། ལྗོན་ཇ་འཁོར་དྲུག་བརྒྱ་ཐམ་པ། རྒྱ་དངུལ་འདེགས་སྲང་ལྔ་བཅུ་དང༌། བོད་དངུལ་ཊམ་སྲང་ལྔ་བཅུ་ཐམ་པ། རྟ་དྲེལ་བདུན། གཞན་ཡང་མཆོད་ཆ་དང༌། ཐབ་ཆའི་རིགས་དང༌། དར། རས། ལིང༌། གོས་ཆེན། སྤུ་ཤུན་ལ་སོགས་པའི་ཚན་གྲངས་རབ་ཏུ་མང་པོ་དང༌། ཁྲི་ཆེན་རིན་པོ་ཆེ་སྐུ་སྒེར་གྱི་འབུལ་བར་ལྗོན་ཇ་འཁོར་དྲུག་བདུན་དང༌། ཆིབས་པ་གཅིག་གི་གཙོས་པའི་ཚན་གྲངས་ཁ་ཤས་དང༌། སྔགས་འཆང་གྲུབ་པའི་དབང་པོ་ངག་དབང་ཀུན་དགའ་རིན་ཆེན་པ་དང༌། བསྟན་དང་འགྲོ་བའི་དཔལ་མགོན་མགོན་པོ་དངོས་གྲུབ་དཔལ་འབར་བ་དང༌། མདོ་སྔགས་བསྟན་པའི་སྣང་བྱེད་འཇམ་མགོན་ཀུན་དགའ་རྒྱལ་མཚན་པ་དང༌། གདུང་སྲས་རིན་པོ་ཆེ་འཇམ་མགོན་རྡོ་རྗེ་རིན་ཆེན་པ་དང༌། ངག་དབང་བཀྲ་ཤིས་རིན་ཆེན་པ་བཅས་ཀྱི་སྐུ་སྒེར་སོ་སོར་ཡང༌། ལྗོན་ཇ་འཁོར་དྲུག་ལྔ་རེ་དང་རྟ་རེའི་གཙོས་པའི་ཚན་གྲངས་ཁ་