R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༦༥
[A:༢༦༥]ཤས་རེ་དང༌། རྗེ་བཙུན་མ་ཁག་སོ་སོར་ཡང་ལྗོན་ཇ་འཁོར་དྲུག་གཉིས་རེའི་གཙོས་པའི་ཚན་གྲངས་ཁ་ཤས་རེ་དང༌། ལྷ་ཁང་མཁན་རིན་པོ་ཆེའི་མདུན་དུའང༌། ལྗོན་ཇ་འཁོར་དྲུག་གསུམ་གྱི་གཙོས་པའི་ཚན་གྲངས་ཁ་ཤས་དང༌། ས་སྐྱ་ཞབས་པད་པའི་མདུན་དུ་གཞུང་གི་འབུལ་བར། ལྗོན་ཇ་འཁོར་དྲུག་གཅིག་དང༌། རྟ་གཅིག་གི་གཙོས་པའི་ཚན་གྲངས་ཁ་ཤས་དང༌། གཞན་ཡང་ཞབས་པད་སྐུ་སྒེར་དང༌། གསོལ་གཟིམ་མགྲོན་གཉེར་དྲུང་ཡིག་ལ་སོགས་པའི་ལས་ཚན་ཐམས་ཅད་ལའང་འདྲིས་ཟབ་ཆེ་ཆུང་དང་བསྟུན་པའི་ཇ་གསར་གང་འཚམ་རེ་དང༌། ཁྱད་པར་ཕྱོགས་དེའི་རྟེན་གསུམ་བྱིན་རླབས་ཀྱི་གཟི་འོད་འབར་བ་རྣམས་སུ་གསེར་གསོལ་དང༌། མཆོད་འབུལ་ཤིན་ཏུ་རྒྱས་པ་དང༌། སྤྲུལ་པའི་ལྷ་ཁང་ཆེན་མོར་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་གཉིས་ཀྱི་སྟེང་ཕྱག་འགྱེད་དགེ་འདུན་བཅོ་ལྔ་རེར་བཟང་ཇ་སྦག་རེ་ཕུལ་བ་སོགས་གཏོང་བ་ཆེན་པོའི་སྒོ་འཕར་ཡངས་པོར་ཕྱེས་ཏེ་ཧོར་ཟླ་བཅུ་གཉིས་པའི་ནང་ངོར་དུ་ཕེབས། ཁང་ཚན་བཅུ་གཅིག་པོ་ཐམས་ཅད་ལའང་ཇ་གསར་དང༌། ཁྱད་པར་རང་རང་གི་སྐོང་བརྒྱ་ཚོགས་པའི་སྐབས་འཕར་ཇའི་བསྙེན་བཀུར་དང་འབྲེལ་བར། ཐོབ་ཁུངས་དང་ཁང་ཚན་ཆེ་ཆུང་གི་བབས་དང་བསྟུན་པའི་གཏན་གཞག་གསར་སྦྱོར་རིགས་ཟབ་པར་སྩལ་བ་དང༌། དགུང་གྲངས་རེ་གསུམ་དུ་ཕེབས་པ་ས་ཁྱི་ཧོར་ཟླ་དང་པོའི་ཚེས་གཅིག་ནས་བཟུང་སྟེ་ཨེ་ཝཾ་བའི་ལྷ་ཁང་ཁག་ཐམས་ཅད་ལ་མཆོད་འབུལ་ཤིན་ཏུ་རྒྱ་ཆེ་བ་དང༌། ཁྱད་པར་ཨེ་ཝྃ་ཆོས་ལྡན་གྱི་གཙུག་ལག་ཁང་ཆེན་པོར་དགེ་འདུན་དྲུག་བརྒྱ་ཙམ་ཚོགས་པ་ཐམས་ཅད་ཟླ་བ་གཅིག་བར་མ་ཆད་པར་བསྙེན་བཀུར་བར་མཛད་དེ། དེའང་ཉིན་རེ་བཞིན་བརྒྱ་མཆོད་དང་འབྲེལ་བར་བླ་མ་མཆོད་པ་དང༌། ངན་སོང་སྦྱོང་རྒྱུད་ནས་བསྟན་པའི་ཀུན་རིག་རྩ་བའི་ལྷ་སུམ་ཅུ་རྩ་བདུན་མགྲོན་ཐབས་ཀྱི་ལྷ་དང་བཅས་པ།