R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༦༦
[A:༢༦༦] གྲུབ་ཆེན་ཛེ་ཏཱ་རིས་བཀྲལ་བའི་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་རྣམས་ལེགས་པར་བཙུགས་ཏེ། ཉིན་རེ་བཞིན་དགེ་སློང་བཅུ་རེ་ལ་ཕྱག་འགྱེད་བཟང་ཇ་སྦག་རེ་བྱས་པ་དང༌། ཡང་དགེ་སློང་བཅོ་ལྔ་རེ་ལ་བཟང་ཇ་སྦག་རེ་བྱས་པ་སྤེལ་མའི་ཚུལ་གྱི་ཉིན་བཅོ་ལྔ་དང༌། ཡང་ཉིན་རེ་བཞིན་གྲྭ་པ་རེ་ལ་དངུལ་ཊམ་ཕྱེད་རེ་དང༌། དངུལ་ཞོ་རེ་དང༌། དངུལ་ཊམ་རེ་བྱས་པ་རེས་མོས་ཀྱི་ཉིན་བཅོ་ལྔ་སྟེ་མདོར་ན་ཟླ་བ་གཅིག་གི་བར་ལ་བསྙེན་བཀུར་བ་དང་ཆབས་ཅིག །གཙུག་ལག་ཁང་དུ་གོས་ཆེན་བཟང་བསྒྲིགས་ཀྱི་ཕྱེ་ཕུར་ཆ་གཅིག་དང༌། རྒྱ་མཐོངས་ཁོར་ཡུག་ཏུ་གོས་ཆེན་བཟང་བསྒྲིགས་ཀྱི་ཕུར་མ་རྣམས་གསར་སྦྱོར་མཛད་པ་དང༌། གཞན་ཡང་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་མང་ཇས་བསྙེན་བཀུར་བ་དང༌། དེའི་ནང་གསེས་གུར་པ་གྲྭ་ཚང་པར་མང་ཇ་འགྱེད་དང་བཅས་པའི་སྟེང་འཁར་རྔ་ལ་སོགས་པའི་གཏན་གཞག་འགའ་ཞིག་ཀྱང་སྩལ་བ་དང༌། ཞྭ་ལུ་དང༌། སྣར་ཐང་དང༌། སྲད་རྒྱུད་པ་དང༌། སྲད་དགོན་ཁྲ་སོགས་ཉེ་སྐོར་གྱི་དགོན་པ་ཕལ་ཆེ་བར་མང་ཇ་གྲལ་འགྱེད་དང་བཅས་པས་བསྙེན་བཀུར་བ་སོགས་མདོར་ན་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་དང་རྗེས་སུ་མཐུན་པར་མཛད་པ་ཡིན་ནོ། །ཧོར་ཟླ་དང་པོའི་མཇུག་ཏུ་ཨེ་ཝྃ་པའི་དུས་ཆོས་ལམ་འབྲས་གྲུབ་མཚམས་ཞིག་ནས། མཁན་རིན་པོ་ཆེ་ཁྲི་ཐོག་པ་རྣལ་འབྱོར་འཇམ་དཔལ་བཟང་པོ་མགུལ་ཆམ་ལྟ་བུས་ཅུང་ཟད་སྐུ་ཁམས་བསྙེན་ཚུལ་བཞེས་པར་བརྟེན། ལོ་དེར་ཕྱོགས་མཐའ་དག་ནས་འདུས་པའི་དོན་གཉེར་ཉིས་བརྒྱ་ལྷག་ཙམ་ལ་རྗེ་འདིས་མཁན་པོ་མཛད་དེ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པའི་སྡོམ་པ་ལེགས་པར་སྩལ་ཏེ་ཐམས་ཅད་ཀྱང་དགེ་སློང་འདུལ་བ་འཛིན་པ་ཤ་སྟག་ཏུ་བསྒྲུབ་པར་མཛད་པ་ཡིན་ནོ། །དེ་རྗེས་ཧོར་ཟླ་གསུམ་པ་དང༌། བཞི་པ་རྣམས་སུ་ཕན་ཁང་ཞབས་དྲུང་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་གྲོས་