R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༦༧
[A:༢༦༧]སོགས་ཞལ་སློབ་ཉུང་ཤས་ཞིག་ལ་ཀྱེ་རྡོར་བཀའ་བབས་བཞིའི་དབང་དང༌། བདེ་མཆོག་ལཱུ་ནག་གི་དབང་ལ་སོགས་པ་བཀའ་ཆོས་འགའ་ཞིག་སྩལ། ཧོར་ཟླ་ལྔ་པའི་ནང་ས་སྐྱ་ནས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེས་ས་སྐྱར་ཕེབས་དགོས་ཚུལ་གྱི་བཀའ་ནན་སྩལ་བར་བརྟེན། ཧོར་ཟླ་དྲུག་པའི་ནང་ས་སྐྱར་ཕེབས། ཁྲི་ཆེན་རིན་པོ་ཆེར་སྐུའི་རྐྱེན་སེལ་གྱི་དབང་རྗེས་འགའ་ཞིག་དང༌། ཁྱད་པར་གདུང་སྲས་རིན་པོ་ཆེ་འཇམ་མགོན་ངག་དབང་བཀྲ་ཤིས་རིན་ཆེན་པར། གྲུབ་ཆེན་ཨ་བྷ་ཡཱ་ཀ་ར་གུཔྟས་བཀྲལ་བའི་རྡོ་རྗེ་ཕྲེང་བའི་དབང་འབྲིང་པོའི་ལུགས་ཀྱི་དཀྱིལ་འཁོར་ཞེ་གཉིས་དང༌། དེའི་སྟེང་དུ་དརྤཎ་ཨཱ་ཙརྻས་ཀྲི་ཡ་ས་མུཙྪ་ལས་ཕྱུང་བའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་བསྣན་ཏེ་བཞི་བཅུ་ཞེ་ལྔའི་དབང་བསྐུར་བ་རྣམས་ཕྱག་ལེན་རྣམ་པར་དག་པས་སྩལ་ཏེ་ཁའུའི་ཆུ་ཚན་དུ་ཕེབས། དེར་ཞག་ཁ་ཤས་བཞུགས་ནས་ཧོར་ཟླ་བརྒྱད་པའི་མཇུག་ཏུ་ཨེ་ཝྃ་དུ་ཕེབས། དོན་དུ་གཉེར་བ་འགའ་ཞིག་ལ་ཟབ་ལམ་ནཱ་རོ་མཁའ་སྤྱོད་མའི་ཁྲིད་ལ་སོགས་པ་སྩལ། ལོ་དེའི་མཇུག་ཏུ་ས་སྐྱ་ནས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་དང༌། དེ་སྲས་སྨྲ་བའི་ཉི་མ་ངག་དབང་བཀྲ་ཤིས་རིན་ཆེན་གཉིས་རྒྱལ་རྩེར་ཆིབས་བསྐྱོད་བསྐྱངས་པའི་མར་ལམ་ངོར་དུ་ཕེབས། བླ་ཁག་རྣམས་ཀྱིས་ཀྱང་རང་རང་གི་འབྱོར་པ་དང་བསྟུན་པའི་འབུལ་བ་དང་བསྙེན་བཀུར་ཟབ་པར་བསྟབས། རྗེ་འདི་སྐུ་མཆེད་རྣམས་ནས་ཀྱང་འབུལ་བསྙེན་ཤིན་ཏུ་རྒྱ་ཆེ་བར་མཛད། རྗེ་འདི་ལས་དབང་དང་རྗེས་གནང་འགའ་ཞིག་ཀྱང་གསན། སླར་ཆིབས་སྐྱེལ་གྱི་ཚོགས་དང་བཅས་ཏེ་ཨེ་ཝྃ་ནས་ཆིབས་བཏེག །རྗེ་འདི་དགུང་གྲངས་རེ་བཞིར་སོན་པ་ས་མོ་ཕག་གི་ལོར་རྗེ་ཉིད་ཀྱི་གསུང་གིས་བསྐུལ་བ་བཞིན་མདོ་ཁམས་སྡེ་དགེ་ནས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའང་ཞབས་