R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༦༨
[A:༢༦༨]ཀྱི་པདྨོར་སོན་པ་ནས་བཟུང༌། དགུང་གྲངས་རེ་བདུན་པ་ཆུ་ཕོ་སྟག་གི་ལོའི་བར་གཙོ་བོར་ཐུགས་དམ་ཁོ་ན་ལ་བཞུགས་པ་དང༌། གོང་དུ་བཤད་པའི་རྟེན་བཞེངས་ཕལ་ཆེར་ཞིག་ལ་གཟུངས་གཞུག་སོགས་འབུལ་བ་དང༌། ཀུན་གཟིགས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་དང༌། འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་པ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་རྗེ་རང་གིས་གསན་པའི་དབང་དང་རྗེས་གནང་ཟུར་བཀའི་རིགས་ཕལ་ཆེ་བ་དང༌། བླ་མ་གོང་མའི་བཀའ་འབུམ་གྱི་ལུང་རྣམས་སྩལ་བ་དང༌། དེའི་ནང་ཚན་སྲུང་བ་ལྷ་ལྔ་བཅུ་རྩ་གཅིག་དང༌། གདུགས་དཀར་ཉེར་བདུན་མ་དང༌། གསང་བ་འདུས་པ་རིགས་གསུམ་དང༌། བདེ་མཆོག་ལཱུ་ནག་གཉིས་ལ་སོགས་པའི་དབང་དང་རྗེས་གནང་ཟུར་བཀའ་འགའ་ཞིག་དང༌། སྒྲུབ་ཐབས་བརྒྱ་རྩ་དང༌། སྣར་ཐང་བརྒྱ་རྩའི་རྗེས་སུ་གནང་བ་དང༌། མུས་ཆེན་སེམས་དཔའ་ཆེན་པོ་དང༌། ཀུན་མཁྱེན་བསོད་ནམས་སེང་གེའི་བཀའ་འབུམ་གྱི་ལུང་རྣམས་ནི་དོན་དུ་གཉེར་བ་སོ་སོའི་ངོར་ལན་གཉིས་གསུམ་རེ་སྩལ་བ་དང༌། ཡང་ཛེ་ཏཱ་རིས་བཀྲལ་བའི་མི་འཁྲུགས་པ་ལྷ་དགུ་དང༌། ཚེ་དཔག་མེད་ལྷ་དགུ་དང༌། ངན་སོང་སྦྱོང་རྒྱུད་ནས་བཤད་པའི་ཀུན་རིག་དང༌། ཕྱག་རྡོར་འཆི་འཇོམས་དང༌། འཇིགས་བྱེད་རྭ་ལུགས་ལྷ་དགུ་ལ་སོགས་པ་ཉེ་བར་མཁོ་བའི་དབང་འགའ་ཞིག་དང༌། དམར་པོ་སྐོར་གསུམ་དང༌། ནོར་ལྷ་དང༌། ཆོས་སྲུང་གི་སྐོར་སོགས་རྗེས་གནང་ཟུར་བཀའ་འགའ་ཞིག་དང༌། ཉེ་བར་མཁོ་བའི་ལུང་འགའ་ཞིག་དང་བཅས་པ་རྣམས་ནི་ལན་གྲངས་མང་པོར་སྩལ་བ་དང༌། ཁྱད་པར་ས་སྐྱ་ནས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེ་ཡབ་སྲས་གཉིས་ཀྱིས་བཀའ་ནན་གང་ཆེ་སྩལ་བར་བརྟེན། ལོ་རེ་བཞིན་ས་སྐྱར་ལན་གཉིས་གསུམ་རེ་ཆག་མེད་དུ་ཕེབས་ཏེ། གདུང་སྲས་རིན་པོ་ཆེ་འཇམ་མགོན་སྨྲ་བའི་ཉི་མ་ངག་དབང་