[A:༢༦༩]བཀྲ་ཤིས་རིན་ཆེན་ཐེག་མཆོག་བསྟན་པའི་རྒྱལ་མཚན་པར། འཕགས་ཡུལ་གྱི་གྲུབ་ཆེན་བིརྺ་པའི་ཐུགས་བཅུད་ཐུན་མོང་མ་ཡིན་པ་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་དུ་གྲགས་པའི་སྨིན་གྲོལ་ཆ་ལག་དང་བཅས་པ་ཡོངས་སུ་རྫོགས་པ་ཚར་གཅིག་གིས་གཙོར་བྱས་པའི་རྗེ་རང་གིས་གསན་པའི་དབང་ལུང་ཕལ་ཆེ་བ་སྩལ་བ་དང༌། ཡབ་སྲས་གཉིས་ཆར་གྱི་སྐུའི་རྐྱེན་སེལ་དགོས་རིགས་རྣམས་དང༌། ཡབ་རྗེ་ཁྲི་ཆེན་རིན་པོ་ཆེས་རྒྱུན་དུ་ཉམས་སུ་བཞེས་པའི་ཐུགས་དམ་གྱི་ལྷ་རྣམས་ཀྱི་དབང་རྗེས་རྣམས་ཡང་ཡང་འབུལ་དགོས་པ་དང༌། སྒྲོལ་མ་ལྷ་ཁང་གསར་བཞེངས་ལ་རབ་ཏུ་གནས་པ་སོགས་ཇི་ལྟར་བཞེད་པའི་དོན་མཐའ་དག་སྒྲུབ་པར་མཛད་པ་དང༌། བཀའ་ཆོས་སྩལ་བའི་སྐབས་རྣམས་སུའང་ཁྲི་ཆེན་རིན་པོ་ཆེ་སོགས་ཀྱི་ཐུགས་རྒྱུད་ལ་སྔ་ན་མེད་པའི་ཉམས་བསམ་གྱིས་མི་ཁྱབ་པ་འཁྲུངས་པ་དང༌། གཞན་ཡང་རྒྱལ་ཡུམ་ཉི་ཟླ་དབང་མོར་གདུང་སྲས་མ་བྱུང་བར་བརྟེན། རྗེ་འདི་ལ་གདུང་སྲས་མྱུར་འབྱོན་གྱི་སྐྱབས་འཇུག་ཞུས་པ་ལྟར། སྲུང་བ་ལྷ་ལྔ་བཅུ་རྩ་གཅིག་གི་དབང་དང་སོར་འབྲང་མའི་འཁོར་ལོ་བཅས་སྩལ་ཏེ། ཇི་ལྟར་ལུང་བསྟན་པ་བཞིན་དུ་ཡུན་ཧ་ཅང་མི་རིང་བར་གདུང་སྲས་ཀུན་དགའ་བསོད་ནམས་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས་པ་དང༌། རྒྱུན་དུ་བདག་ཆེན་ཡབ་སྲས་རྣམས་ཀྱིས་ཐུགས་བརྟག་ཞུས་པ་རྣམས་ཀྱང་ཇི་ལྟར་ལུང་བསྟན་པ་དེ་ཁོ་ན་ལྟར་ལས་འཕོ་འགྱུར་ལན་གཅིག་ཀྱང་མི་འབྱུང་བ་སོགས་དམ་པ་རྣམས་ཀྱི་ཡེ་ཤེས་གཟིགས་