[A:༢༧༧]འབངས་སྤྱི་སྒེར་ཚང་མར་ཕན་ཐོགས་ཤིན་ཏུ་ཆེ་བར་བྱུང་བ་དང༌། ལྷག་པར་དེ་སྐབས་བོད་ལྗོངས་སུ་འཁོད་པའི་འབྱོར་ལྡན་ཡོད་རིགས་ལ་གཞུངས་ནས་དམག་ཕོགས་ཀྱི་ཡོད་འདོན་འགེལ་བར་མཛད་གཤིས། ཐར་རྩེར་ཡང་བོད་དངུལ་ཊམ་སྲང་ཕྱེད་སུམ་བརྒྱ་སྐོར་དང༌། ནས་ཁལ་སུམ་སྟོང་སྐོར་དང༌། ཇ་མར་སོགས་ཤིན་ཏུ་ཕོན་ཆེ་བ་འབུལ་དགོས་བཀའ་ཕེབས་བྱུང་བ་རྣམས་ཀྱང་གཙང་འབུལ་ཞུས་པར་བརྟེན། དེ་རྣམས་ཀྱི་གཟིགས་བཟོས་བདག་རྐྱེན་དུ་ཐར་རྩེར་རང་གི་བླ་རབས་རིམ་ཅན་ལ་ཤ་འཛིན་ནི་ཐིག་ཐི་གུ་ཆི་མཁན་པོ་ཞེས་པའི་ཆོ་ལོ་དང༌། ཐམ་ཀ་ཆེ་བ་གྲུ་བཞི་དང༌། ཆུང་བ་རྒྱུན་ཐམ་སྒོར་མོ་དང༌། རྟ་དར། ན་བཟའི་སྐོར་དང༌། ཆིབས་པར་ཏོག་དང༌། ཟེ་ཁེབས་དང་ལོང་ཁེབས་ལ་སོགས་པ་མདོར་ན་མཁན་ཆས་ཆ་ཚང་བ་སྩལ་བ་དང༌། ཐར་རྩེ་རང་གི་བླ་མ་སྒར་པ་དང༌། ཚོང་པ་སོགས་སྟོད་སྨད་ལྷོ་བྱང་གང་དུ་སོང་ཡང་ཇ་ཁྲལ་དང་ལ་ཁྲལ་དང་ཐབ་ཁྲལ་གྱིས་མཚོན་པའི་ཁྲལ་རིགས་ཆེ་ཕྲ་མཐའ་དག་སྤྲོད་མི་དགོས་པ་དང༌། བླ་གཞིས་རྒྱ་མཚོ་གླིང་པ་ཐར་རྩེ་རང་ལ་གཙང་ཆོད་ཡིན་པ་སོགས་ཀྱི་ཤེལ་སྦམ་བཅས་ལེགས་པར་སྩལ་བར་མཛད་མོད། འོན་ཀྱང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ཡོན་ཏན་རིན་པོ་ཆེའི་ཕུང་པོར་གྱུར་པ་འདི་དག་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྲིད་དང་ཞི་བའི་མཐའ་ལ་མི་གནས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ཆེན་པོ་བདག་གིར་མཛད་ཟིན་ནའང༌། སྐབས་སུ་བབ་པའི་གདུལ་བྱ་རྣམས་ཀྱི་བློའི་རིམ་པ་དང་བསྟུན་ཏེ་མཆོག་དམན་བར་གསུམ་གྱི་སྤྲུལ་པ་སྣ་ཚོགས་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པར་གོར་མ་ཆག་ལ། རྒྱུ་མཚན་དེའི་ཕྱིར་ན་ཚེ་འདི་སྣང་གི་རྙེད་པ་དང༌། བཀུར་སྟི་