R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༧༨
[A:༢༧༨]དང༌། གོ་ས་དང༌། ཐོབ་ཐང་སོགས་ལ་ལྟོས་དགོས་པ་མིན་རུང༌། རེ་ཞིག་འཇིག་རྟེན་ཚུ་རོལ་མཐོང་བ་རྣམས་ཀྱི་སྣང་ཚུལ་དང་བསྟུན་ཏེ། རྗེ་འདི་དགུང་གྲངས་བརྒྱད་ཅུ་གྱ་གཉིས་པ་དང༌། མཁན་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོ་དགུང་གྲངས་དྲུག་ཅུ་རེ་དགུར་སོན་པ་དམར་སེར་ཅན་ཞེས་པ་མེ་མོ་སྦྲུལ་གྱི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་ལྔའི་ཉིན། ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱིས་ཡོངས་སུ་མངའ་གསོལ་བ་ལྟར། སྐུ་ཚེ་བརྟན་བཞུགས་ཀྱི་ཆོ་ག་དང་འབྲེལ་བར་བཤད་མ་ཐག་པའི་མཚན་དང༌། ཡོ་བྱད་རྣམས་དང༌། གཞན་ཡང་ལེགས་འབུལ་གྱི་ཚོགས་དང་བཅས་པའི་སྒོ་ནས་བོད་གངས་ཅན་གྱི་མཁན་པོ་ཆེ་གྲས་སུ་ཡོངས་སུ་མངའ་གསོལ་བར་གྱུར་ཏོ། དེ་ནས་བཟུང་སྟེ་དགུང་གྲངས་གྱ་དྲུག་ཏུ་ཕེབས་པ་ལྕགས་བྱ་ལོའི་བར་གཙོ་བོར་ཐུགས་དམ་ཁོ་ན་ལ་གཞོལ་བར་མཛད། སྐབས་སྐབས་སུ་བདེ་ཀྱེ་གསང་གསུམ་གྱི་སྒྲུབ་མཆོད་རྣམས་ཀྱང་ཞག་ཁ་ཤས་རེ་གསུང་བར་མཛད་པ་དང༌། ས་སྐྱ་ནས་གདུང་སྲས་རིན་པོ་ཆེ་འཇམ་མགོན་ཕྱོགས་ཀྱི་གླང་པོའང་སྔ་ཕྱིར་ལན་གཉིས་ཙམ་ཕེབས་ནས་རྗེ་འདི་ལས་བཀའ་ཆོས་འགའ་ཞིག་གསན་པ་དང༌། བདག་ཅག་དོན་གཉེར་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་ཇོ་བོ་ལུགས་ཀྱི་སྒྲོལ་མ་ཉེར་གཅིག་དང༌། དཔྱལ་ལུགས་ཕག་མོ་སྐོར་གསུམ་གྱི་བྱིན་རླབས་སོགས་དང༌། ཉེ་བར་མཁོ་བའི་ལུང་འགའ་ཞིག་དང་བཅས་པའི་ཆོས་ཀྱི་བདུད་རྩིའང་ཅི་རིགས་པར་སྩོལ་བར་མཛད་ཅིང༌། མདོར་ན་སྐུ་ན་དེ་ཙམ་དུ་སོན་ཀྱང༌། སྐུ་གཟུགས་ཀྱི་བབས་ཧ་ཅང་ལྕི་བ་དང༌། ཐུགས་རབ་མི་གསལ་བ་སོགས་མི་མངའ་ཞིང༌། ཐུགས་དམ་སོགས་ལ་ལྷོད་པ་མེད་པ་ནི་