R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༨༡
[A:༢༨༡]བཟོས་ཀྱིས་སྦྱོར་འཇགས་མཛད་སོང་བར་འགྲོ་དྲོན་ཐམས་ཅན་ཞིབ་ཏུ་བརྩིས་པས་ཚོགས་ཁྲོ་གཅིག་ལ་བོད་དངུལ་རྡོ་ཚད་བཅོ་བརྒྱད་ཙམ་ཟིན་སོང་བ་དང༌། དེ་ལྟ་བུའི་ཚོགས་ཁྲོ་སྦྱོར་འཇགས་མཛད་པའི་ཉིན། གཙུག་ལག་ཁང་དུ་དཀོན་མཆོག་གི་རྟེན་གྱི་དྲུང་དུ་བརྒྱ་མཆོད་རྣམ་ལྔ་དང༌། གོས་ཆེན་གྱི་བླ་བྲེ་ཁྱད་པར་དུ་འཕགས་པ་གཅིག་གསར་སྦྱོར་སྩལ་བ་དང་འབྲེལ་བར་འདུས་ཚོགས་རིན་པོ་ཆེར་བླ་མ་མཆོད་པའི་ཆོ་ག་བཙུགས་ཏེ་བསྙེན་བཀུར་གྱ་ནོམ་པ་དང༌། ཕྱག་འགྱེད་དགེ་འདུན་བརྒྱད་རེ་ལ་ལྗོན་ཇ་ཞབས་བཅུ་སྦག་རེ་དང༌། དེའི་སྟེང་དུ་ཚབ་རའི་དར་འགྱེད་ལ་སོགས་པ་མདོར་ན་སེམས་མེད་རྣམས་ཀྱང་དགེ་བ་ལ་རྗེས་སུ་ཡི་རང་བ་སྙམ་བྱེད་པ་མཛད་པ་དང༌། གཞན་ཡང་མཛོད་པ་ནོར་ལྡན་ཤེས་རབ་བཟང་པོས་བསྟན་འགྲོར་ཕན་དུ་རེ་བའི་ལྷག་བསམ་བཟང་པོས་ངལ་བ་ཁྱད་དུ་བསད་དེ་གཞུངས་ཆེན་པོར་སྔ་ཕྱིར་སྙན་སྦྲོན་ཡང་ཡང་ཕུལ་ཏེ། ངོར་བླ་བྲང་གཞུང་ནས་ལོ་རེ་བཞིན་ཚེར་ཆེན་རྩྭ་བོགས་གསེར་མགུར་ཞོ་ལྔ་དང༌། ཇའུ་སི་སྦག་གཅིག་ཆག་མེད་དུ་སྤྲོད་དགོས་པ་རྩ་ཆག་ཏུ་སོང་བ་དང༌། ཡང་བླ་བྲང་གཞུང་ནས་ལྷ་ཁང་རྒྱབ་ཀྱི་རྟེན་བོགས་ལོ་རེ་སྐོར་ལྟར་གྱི་ཊམ་ལྔ་བཅུ་རེ་དང༌། ལོ་རེ་རྟེན་ལྟར་གྱི་ཊམ་ཉེར་ལྔ་རེ་སྤེལ་མའི་ཚུལ་གྱིས་མ་ཆག་པར་སྤྲོད་དགོས་པ་ད་ཕྱིན་རྩ་ཆག་ཏུ་སོང་བ་དང༌། ཡང་བླ་ཁག་ལྔ་སྤྱི་འཐུས་ནས། གལ་ཏེ་གསེར་གླིང་པའི་རྒྱ་ཤིང་རྔོད་གསུམ་དང༌། གྭ་ཁྲལ་དང༌། ལམ་ཐོག་པ་རྫོང་སོགས་ཁྲལ་འཁྲི་ཡོངས་བསྡོམས་དངུལ་ཊམ་སྲང་ཞེ་ལྔ་རེའི་རྩིས་ཙམ་ལོ་རེ་བཞིན་མ་ཆག་པར་སྤྲོད་དགོས་པ་རྩ་ཆག་ཏུ་སོང་བ་དང༌། ཡང་ངོར་པའི་ཆོས་གཞིས་སྲད་ཆུ་བཟང་བར་བར་སྐབས་ཞིག་ནས་བཅུ་གཉིས་ཆག་དོད་ཅེས་