[A:༢༨༢]བའི་ཁྲལ་ལོ་བཅུ་གཉིས་རེའི་མཚམས་ནས་ཊམ་སྲང་ཞེ་ལྔ་རེ་སྤྲོད་དགོས་བྱུང་འདུག་པ་རྩ་ཆག་ཏུ་སོང་བ་དང༌། ཡང་སྲད་ཆུ་བཟང་སར་པ་ཆ་རྐང་བདུན་གྱི་ཁྲལ་འཁྲི་རྒྱ་ཤིང་རྡོད་གསུམ་སོགས་མ་ཆད་པར་སྒྲུབ་མུ་ལ་སུམ་ཟུར་རེ་དེ་སྔ་ལོ་མང་པོར་ཆག་པ་དང༌། ཡང་སྲད་ཆུ་བཟང་པས་གྭ་ཁྲལ་ཊམ་སྲང་ཉེར་ལྔ་རེ་ལོ་རེ་བཞིན་ཆག་མེད་དུ་སྤྲོད་དགོས་པ་ལ། ད་ཕྱིན་ལོ་རེ་བཞིན་ཊམ་སྲང་གསུམ་རེ་ལས་སྤྲད་མི་དགོས་པ་དང༌། ཡང་ཨེ་ཝྃ་བླ་བྲང་གཞུང་དུ་སྦྲ་དུད་རྐང་གསུམ་ལས་མེད་པ་ལ། བར་སྐབས་ཞིག་ནས་དེའི་སྟེང་སྤྲ་དུད་རྐང་གཉིས་ཀྱི་ཁྲལ་འཁྲི་བྱུང་འདུག་པའི་ནང་ནས། སྦྲ་དུད་རྐང་གཅིག་གི་ཁྲལ་འཁྲི་རྩ་ཆག་ཏུ་སོང་བ་དང༌། སྦྲ་དུད་རྐང་གཅིག་གི་ཚབ་ཏུ་ཐར་རྩེར་རང་གི་ཁང་ཞིང་འཛལ་ཟེར་བ་དེ་བཅུག་པ་སོགས་ཨེ་ཝྃ་བླ་བྲང་གཞུང་དང༌། དེའི་ཆོས་གཞིས་མི་སེར་བཅས་ལ་ཕན་སླེབ་ཤིན་ཏུ་ཆེ་བར་བྱུང་བ་དང༌། ཁྱད་པར་ཚེ་འདིར་སྣང་གི་བྱ་གཞག་དང་སྟོབས་འབྱོར་ཙམ་གྱིས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་ནུས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་བསྟན་པ་ཞེས་པའི་མིང་གི་གདགས་གཞི་ནི་དམ་པའི་ཆོས་བཤད་པ་དང་སྒྲུབ་པ་ཁོ་ན་ཡིན་ལ། བཤད་སྒྲུབ་མེད་པའི་ཡུལ་ཕྱོགས་ལ་དགོན་པ་ཞེས་མིང་དུ་གདགས་ཀྱང་དོན་ལ་གྲོང་པ་དང་ཁྱད་པར་ཅིའང་མེད་པས་སྙིང་ཡོད་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འཕེལ་བ་དང༌། རང་ཉིད་ཀྱང་འཁོར་བ་དང་ངན་སོང་གི་གཡང་སར་མི་ལྷུང་བའི་ཆེད་དུ་བཤད་པ་དང་སྒྲུབ་པ་ལ་རྩེ་གཅིག་ཏུ་བརྩོན་པར་བྱ་དགོས་པ་ཡིན་ལ། དེའང་ཐོག་མར་བཤད་པ་ལ་མ་བརྟེན་པར་སྒྲུབ་པ་མི་འབྱུང་བས་ན། སློབ་དཔོན་མཁས་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་ལ་འབད་པ་དང༌། སློབ་མ་རྣམས་ཀྱིས་ཀྱང་སྔོན་དུ་ཐོས་བསམ་ལ་འབད་པ་ནི་མེད་དུ་མི་རུང་བའི་བསྟན་པའི་གཞི་ཆེན་པོ་