R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༨༠
[A:༢༨༠]བཟང་པོས་ཨེ་ཝཾ་པའི་མཁན་ས་ཞལ་འཛིན་གནང་བའི་སྐབས། ཐར་རྩེ་ནས་གཙུག་ལག་གི་ཚོགས་འབོལ་ཡོངས་སུ་རྫོགས་པ་གསར་བཟོས་དང༌། དེའི་སྟེང་གི་གྲུམ་རྩེའི་གྲལ་གདན་རྣམས་གསར་སྦྱོར་མཛད་པར་ཡང་རིན་ཆེན་གཉིས་པ་རྡོ་ཚད་མང་དུ་སོང་བ་དང༌། གཙུག་ལག་ཁང་དུ་གོས་ཆེན་བཟང་བསྒྲིགས་ཀྱི་རྟེན་ཁེབས་ཉེར་ལྔ་དང༌། བླ་གཞུང་གཡབ་ཆེན་དུ་མཁན་སློབ་ཟུར་བཞི་དང་བཅས་པའི་སྣམ་སྦྱར་ནང་གོས་ལས་གྲུབ་པ་སོགས་སྦྱོར་འཇགས་སྩལ་བ་དང༌། རྗེ་འདི་སྐུ་མཆེད་གཉིས་ཀྱི་དགོངས་བཞེད་དང༌། དེའི་ཕྲིན་ལས་ཀྱི་གདུགས་དཀར་གྱེན་དུ་འདེགས་པ་མཛོད་པ་ནོར་ལྡན་ཤེས་རབ་བཟང་པོ་པས་གཙོ་བྱས་ཏེ། ཨེ་ཝྃ་པའི་བླ་ཁག་ཐམས་ཅད་ཐུན་མོང་གི་སྒོ་ནས་བླ་བྲང་གཞུང་གི་གཡབ་ཆེན་གྱི་སྐོར་ལ་ཉམས་གསོས་དང༌། དེ་རྗེས་ངོར་ཆེན་གྱི་དགོངས་རྫོགས་སུ་བཞེངས་པའི་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་གཙོ་བྱས་པའི་མཆོད་རྟེན་རྣམས་ལ་ཉམས་གསོ་དང༌། ཐོག་གཡབ་གསར་དུ་བརྗེ་བ་དང༌། དེ་རྗེས་ལམ་འབྲས་ལྷ་ཁང་དང༌། དངུལ་གདུང་ལྷ་ཁང་སྟེང་ཤོད་རྣམས་ལ་ཉམས་གསོ་རྣམས་ཕུལ་དུ་ཕྱིན་པར་མཛད་ཅིང༌། དེའི་ཚེའང་གཡབ་ཆེན་གྱི་ཉམས་གསོའི་སྐབས་ཐར་རྩེར་རང་གི་གཞུང་སྒེར་ལྟོས་པ་དང་བཅས་པའི་ཞལ་འདེབས་བྱས་རིགས་ཐམས་ཅད་བསྡོམས་པས་བོད་དངུལ་རྡོ་ཚད་སུམ་ཅུ་སོ་གཅིག་ཙམ་ཟིན་པ་དང༌། མཆོད་རྟེན་གྱི་ཉམས་གསོའི་སྐབས་རྗེ་འདིས་བོད་དངུལ་ཊམ་སྲང་བརྒྱ་ཞལ་འདེབས་སུ་སྩལ་བ་དང༌། དུས་ཕྱིས་བདག་གིས་ཨེ་ཝྃ་པའི་མཁན་སའི་ལས་ཁུར་གཟུང་སྐབས་ཀྱང༌། ཨེ་ཝྃ་པའི་བླ་ཁག་ཐམས་ཅད་ཐུན་མོང་གིས་འདུས་ཚོགས་ཀྱི་ཚོགས་ཁྲོ་གཉིས་གསར་བཟོས་དང༌། རྙིང་པ་གཉིས་ལ་ཉམས་གསོས་མཛད་ཅིང༌། ཐར་རྩེ་སྒེར་ནས་ཚོགས་ཁྲོ་གཅིག་གསར་