R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༨༣
[A:༢༨༣]ཡིན་པར་བརྟེན། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འདིས་ཀྱང་ས་ངོར་གྱི་ཕྱོགས་སུ་ཕྱི་རིག་པའི་གནས་དང༌། ནང་མདོ་རྒྱུད་ཀུན་ལ་འཆད་ཉན་མཐར་ཕྱིན་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་དགོངས་ཤིང༌། དེའང་ས་ངོར་གྱི་ཕྱོགས་སུ་ཕྱི་ནང་གི་རིག་གནས་ཀུན་ལ་འཆད་རྩོད་རྩོམ་གསུམ་ཚུལ་བཞིན་དུ་བགྱིད་པར་ནུས་པའི་མཁས་པ་སུའང་མ་མཆིས་པར་བརྟེན། འཛམ་གླིང་བསོད་ནམས་ཀྱིས་མགྲོན་དུ་ཁུག་པའི་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་འདི་ཉིད་ཐར་རྩེ་རང་ལ་སྒེར་ཆོད་དུ་སྩལ་ཐུབ་པར་སྡེ་དགེ་ཆོས་རྒྱལ་ཆེན་པོར་སྙན་སྦྲོན་ཕུལ་བ་ན། དེས་ཀྱང་དགྱེས་བཞིན་པའི་སྒོ་ནས་སྩལ་ཞིང༌། དེ་ལྟ་བུའི་འཇམ་མགོན་མཁྱེན་བརྩེའི་དབང་པོ་འདི་ཉིད་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་ཏེ་སྙིགས་དུས་ཀྱི་བསྟན་འགྲོའི་མགོན་དུ་བསམ་བཞིན་དུ་སྐུའི་སྐྱེ་བ་བཞེས་པའམ། རྣམ་པ་གཅིག་ཏུ་ན་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པར་གདོན་མི་ཟ་སྟེ། རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་ལས་ཀྱང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་རྣམ་འཕྲུལ་དུ་བཤད་པ་དང༌། ཡང་བདག་གི་བླ་མ་རྩོད་དུས་ཀྱི་ཀུན་མཁྱེན་བུ་སྟོན་གཉིས་པ་རྡོ་རྗེ་འཆང་རིན་ཆེན་བློ་གསལ་བསྟན་སྐྱོང་གིས་མཛད་པའི་འཁྲུངས་རབས་གསོལ་འདེབས་ལས་ནི་གནས་གསར་པ་འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག་གི་རྣམ་འཕྲུལ་བྱམས་པ་ནམ་མཁའ་འཆི་མེད་དང༌། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་འདི་གཉིས་ཀ་ཡིན་པར་བཤད་ལ། འདིའང་རྡོ་རྗེའི་བཀའ་ངེས་པའི་གཏན་ཚིགས་དང་བཅས་