[A:༢༩༤] མཁས་པའི་དབང་པོ་འཇམ་དབྱངས་ཡོན་ཏན་མཐའ་ཡས་རྣམས་སོ། །དགུ་པ་དགོན་སྡེ་སོ་སོའི་མཁན་པོ་དང་སློབ་དཔོན་དང་སྤྲུལ་སྐུ་དང་ཆོས་རྗེའི་རིགས་ནི། བཞད་ཐུབ་བསྟན་ཡངས་པ་ཅན་གྱི་མཁན་པོ་དང༌། རྒྱལ་རྩེ་གུར་པ་མཁན་པོ་སོགས་མཁན་པོའི་རིགས་དུ་མ་དང༌། ཨེ་ཝྃ་ནས་ཁང་སེར་དཔོན་སློབ་འཇམ་དབྱངས་གྲགས་པ་དང༌། དཔོན་སློབ་ངག་དབང་དགེ་ལེགས་པ་དང༌། དཔོན་སློབ་ནམ་མཁའ་རྒྱལ་མཚན་པ་དང༌། འབྲས་ཡུལ་སྐྱེད་ཚལ་གྱི་སློབ་དཔོན་དཀོན་མཆོག་ཆོས་འཕེལ་སོགས་སློབ་དཔོན་གྱི་རིགས་སུ་གཏོགས་པ་ཤིན་ཏུ་མང་པོ་དང༌། ཁམས་ཕྱོགས་ཀྱི་ས་དགོན་ཡོད་དོ་ཅོག་གི་སྤྲུལ་སྐུ་ཆེ་ཕྲ་ཇི་སྙེད་ཅིག་བཞུགས་པ་རྣམས་དང༌། སྡེ་དགེའི་ཤར་ནུབ་ཀྱི་བླ་མ་སྔ་ཕྱིར་བྱོན་པ་རྣམས་དང༌། ལྷུན་གྲུབ་སྟེང་གི་དགོན་དཔོན་ཡེ་ཤེས་དཔལ་ལྡན་པ། གླིང་དཔོན་པོའི་ཞལ་ངོ་མགོ་ཟི་དྲུང་པ་དང༌། སྒ་སྟོད་བྲའུ་དཔོན་བླ་སོགས་མདོར་ན་ཁམས་ཕྱོགས་ཀྱི་ས་དགོན་ཡོད་དོ་ཅོག་གི་དགོན་དཔོན་དང༌། སློབ་དཔོན་དང༌། དབུ་མཛད་ལ་སོགས་པ་ནི་རེ་རེ་ནས་སྨོས་ཀྱིས་མི་ལང་ངོ༌། །བཅུ་པ་རྩེ་གཅིག་ཏུ་སྒྲུབ་པའི་རྒྱལ་མཚན་འཛིན་པའི་རྣལ་འབྱོར་པ་ནི། སྡེ་དགེ་ཆོས་རྒྱལ་ཆེན་པོའི་མངའ་ཞབས་སུ་འཁོད་པའི་ཚེ་འདི་བློས་བཏང་གི་རྣལ་འབྱོར་པ་ཇི་སྙེད་ཅིག་བཞུགས་པ་རྣམས་དང༌། སྒ་སྟོད་ཀྱི་ཕྱོགས་སུའང་རྩེ་གཅིག་སྒྲུབ་པའི་རྒྱལ་མཚན་འཛིན་པས་ཉམས་རྟོགས་གོང་འཕེལ་དུ་གྱུར་པ་མཁའ་སྤྱོད་གྲུབ་པའི་དབང་ཕྱུག་ཆེན་པོ་སྐྱེ་རྒུ་དགོན་གྱི་མཚམས་པ་ངག་དབང་བསམ་གཏན་པ་དང༌། ཉམས་དང་རྟོགས་པའི་དབང་ཕྱུག་གྲུབ་པའི་འཁོར་ལོས་སྒྱུར་བ་སེང་རྩེ་ཀུན་དགའ་དཔལ་འབྱོར་པ་དང༌། མང་དུ་ཐོས་ཤིང་སྒྲུབ་པའི་རྒྱལ་མཚན་འཛིན་པ་གྲུབ་པ་མཆོག་གི་