[A:༢༩༥]དེད་དཔོན་འཁོར་ལོ་གསུམ་གྱི་ཕྲིན་ལས་རྨད་དུ་བྱུང་བ་ཁྲི་འདུ་སྐལ་བཟང་དགོན་གྱི་སྣང་རྩེ་རི་ཁྲོད་དུ་བཞུགས་པའི་རྡོ་རྗེ་འཛིན་པ་ཀུན་དགའ་ཆོས་དབང་སོགས་རྣལ་འབྱོར་པ་ཤིན་ཏུ་མང་པོ་དང༌། གཞན་ཡང་གླིང་ཚང་དང༌། ཧོར་ཁོག་དང༌། ལི་ཐང་སོགས་སུ་བཞུགས་པའི་རྣལ་འབྱོར་པ་དུ་མ་དང༌། ཨེ་ཝྃ་རང་དུའང་སྤོང་བ་པ་ཕྲིན་ལས་རབ་རྒྱས་དང༌། འཇམ་དཔལ་བསྟན་འཛིན་དང༌། བསོད་ནམས་བཟང་པོ་སོགས་སྔ་ཕྱིར་རྗེ་འདིའི་ཞལ་སློབ་ཀྱི་མཚམས་པ་ཤིན་ཏུ་མང་ངོ༌། །བཅུ་གཅིག་པ་སྡོམ་པ་གསུམ་ཆར་གྱི་བཀའ་དྲིན་རྫོགས་པར་ནོས་པའི་སློབ་མ་ནི། རྗེ་འདི་ཨེ་ཝྃ་པའི་ཆོས་ཀྱི་ཁྲི་ལ་ལོ་བཅུ་བཞུགས་པའི་སྐབས། ལོ་རེ་བཞིན་སྡོམ་པ་གསུམ་ཆར་གྱི་བཀའ་དྲིན་རྫོགས་པར་ནོས་པའི་སློབ་མ་མང་དུས་སུམ་བརྒྱ་ཙམ་དང༌། འབྲིང་གི་དུས་ཕྱེད་སུམ་བརྒྱ་སྐོར་དང༌། ཉུང་དུས་ཀྱང་ཉིས་བརྒྱ་རེ་འོང་བར་སྣང་ལ། གཞན་ཡང་སྔ་ཕྱིར་ཁམས་སུ་ཕེབས་སྐབས་དང་བོད་དུ་བཞུགས་སྐབས་ཀྱི་སློབ་མ་བྱུང་བ་ཐམས་ཅད་བསྡོམས་པས་སུམ་སྟོང་ཟིན་པ་ཙམ་ཡོད་པར་མངོན་ནོ། །བཅུ་གཉིས་པ་ཆོས་འབྲེལ་ཙམ་ཐོབ་པའི་སློབ་མ་ནི། མདོ་ཁམས་སྡེ་དགེའི་ཕྱོགས་ཀྱི་ཀར་རྙིང་གི་བསྟན་འཛིན་སྐྱེས་བུ་མཁས་གྲུབ་དུ་མས་མཚོན་ཏེ། སྟོད་མངའ་རིས་ནས་སྨད་རྒྱ་མཚམས་ལ་ཐུག་གི་བར་བགྲང་བ་ལས་འདས་པ་ཡིན་ནོ། །སྙིགས་དུས་བསྟན་འགྲོའི་དཔལ་ཉིད་དུ། །མི་ཡི་སྲིད་པ་ལེགས་བཟུང་སྟེ། །ཕྲིན་ལས་ཀུན་གསལ་དང་མཉམ་པས། །ཐུབ་བསྟན་དབྱར་གྱི་མཚོ་བཞིན་སྤེལ། །དེས་ཀྱང་ཁྱོད་ཐུགས་ཀུ་མུད་གཉེན། །ཚིམ་པའི་ཆ་ཤས་མ་རྫོགས་པར། །སླར་ཡང་འཁོར་བ་མ་སྟོང་བར། །དེ་སྲིད་བསྟན་པ་སྤེལ་བའི་སླད། །ཁྱོད་གསུང་དབྱར་གྱི་དཔལ་མོ་ཡིས། །