[A:༢༩༣]རྒྱལ་ཆེན་པོའི་བཀའི་བློན་ཆེན་རྣམས་དང༌། ཕྱག་མཛོད་ལ་སོགས་པ་དང༌། གཞན་ཡང་ཁམས་ཕྱོགས་ཀྱི་སྒ་སྟོད་དང༌། རག་ཤུལ་དང༌། ཧོར་པ་སོགས་ཀྱི་དཔོན་ཁག་དང༌། གོ་འཇོ་སྡེ་པ་ཁག་སོགས་མི་ཆེན་ཕལ་ཆེ་བས་རྗེ་འདིའི་ཞབས་ལ་མ་བཏུད་པ་ཆེར་མེད་པ་ཡིན་ནོ། །བདུན་པ་རྒྱལ་པོའི་བླའི་མཆོད་གནས་སུ་མངའ་གསོལ་ཞིང་ཟབ་རྒྱས་ཀྱི་ཆོས་ཚུལ་སྟོན་པ་བདུན་ནི། འཇམ་དབྱངས་གོང་མ་ཆེན་པོའི་མཆོད་གནས་ལྕང་སྐྱ་ཐམས་ཅད་མཁྱེན་པ་སོགས་རིས་སུ་མེད་པའི་གྲུབ་མཐའ་ཡོངས་ཀྱི་གཙུག་གི་ནོར་བུུ་ ལྟ་བུར་གྱུར་ཅིང་འཆད་རྩོད་རྩོམ་གསུམ་ལ་དབང་བསྒྱུར་བའི་ཁྲོ་ཤུལ་བླ་མ་ངག་དབང་སྨིན་གྲོལ་རྒྱ་མཚོ་པ་དང༌། སྨིན་གྲོལ་གདམས་པའི་གཏེར་མཛོད་བླ་མ་ངག་དབང་ཆོས་འབྱོར་པ་དང༌། ཡི་དམ་གྱི་ལྷ་མང་པོའི་བསྙེན་སྒྲུབ་ཕ་མཐར་སོན་པ་གྲུབ་མཆོག་ངག་དབང་རིན་ཆེན་པ་དང༌། གྲུབ་པ་མཆོག་གི་དེད་དཔོན་བླ་མ་དཔལ་ལྡན་ཕྲིན་ལས་པ་དང༌། མཁས་དང་གྲུབ་པའི་གཙུག་རྒྱན་བླ་མ་དགེ་འདུན་རྒྱ་མཚོ་པ་དང༌། སྙན་བརྒྱུད་རྒྱ་མཚོའི་མངའ་བདག་བླ་མ་ངག་དབང་བཟང་པོ་པ་དང༌། ཉམས་དང་རྟོགས་པའི་དབང་ཕྱུག་བླ་མ་འཇམ་དབྱངས་བློ་གསལ་རྣམས་སོ། །བརྒྱད་པ་བཤེས་གཉེན་ལུང་རིག་སྨྲ་བ་བདུན་ནི། རབ་འབྱམས་མདོ་རྒྱུད་རྒྱ་མཚོའི་ཕ་རོལ་ཏུ་སོན་ཅིང་འཆད་རྩོད་རྩོམ་གསུམ་ལ་ཐོགས་པ་མེད་པའི་མཁས་པ་ཆེན་པོ་ཤར་བླ་མ་ཀུན་དགའ་དཔལ་ལྡན། ཕུན་ཚོགས་གླིང་གི་མཁན་པོ་ལུང་རིག་སྨྲ་བ་བཀའ་ཆེན་བློ་བཟང་དགེ་ལེགས་ཀུན་ཁྱབ། ལྔ་རིག་སྨྲ་བའི་དབང་པོ་སྡེ་གཞུང་བླ་མ་བློ་གྲོས་དབང་ཕྱུག །ལུང་རིག་སྨྲ་བ་ཀློག་པ་བ་ཤེས་རབ་རྒྱ་མཚོ། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་བླ་མ་བསྟན་པ་དར་རྒྱས། མཁས་བཙུན་བཟང་པོའི་གཏེར་གྱུར་ཕན་བདེ་བཟང་པོ།