R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༩༦
[A:༢༩༦]སྐྱེད་བསྲིངས་དམ་པའི་མེ་ཏོག་ནི། །བསྔགས་འོས་དྲི་བསུང་རིང་འཐུལ་བས། །ཕྱོགས་རྣམས་ཐམས་ཅད་དོག་པོར་བྱས། །དེ་ཚེ་བཤད་དང་སྒྲུབ་པ་ཡིས། །སྲིད་ཞིའི་ཁྱོན་ཀུན་འགེངས་པ་དང༌། །ལྷན་ཅིག་ཉིང་སློབ་མཁས་དང་གྲུབ། །ས་ཆེན་རྡུལ་དང་མཉམ་པར་སྤྲུལ། །དེ་སླད་དངོས་དང་བརྒྱུད་པ་ཡི། །བཀའ་དྲིན་གཞལ་བར་དཀའ་བ་འདི། །ཐེག་དཀའི་དོགས་པས་ནོར་འཛིན་ཁྱོན། །རྣམ་པ་དྲུག་ཏུ་འདར་བ་སྙམ། །ཨེ་མ་མགོན་ཁྱོད་ཡོན་ཏན་ལ། །ཚད་བཟུང་ནུས་པ་ལྟ་ཅི་སྨོས། །སློབ་མ་ཉིད་སློབ་བཅས་པ་ཡི། །ངོ་མཚརའང་ཚངས་བློས་གཞལ་མི་ནུས།། །།སྤྱི་དོན་དྲུག་པ་སྡོམ་པ་གསུམ་ལ་གཅེས་སྤྲས་སུ་མཛད་ཅིང་ཉམས་རྟོགས་ཇི་ལྟར་འཁྲུངས་པའི་ཚུལ་བྱེ་བྲག་ཏུ་བཤད་པ་ནི། སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་མཛད་པའི་རྣམ་ཐར་གསོལ་འདེབས་ལས། བརྟན་མཁས་ཚུལ་ཁྲིམས་དྲི་ཡིས་ཕྱོགས་ཀུན་ཁྱབ། །གཞན་ཕན་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །ཐ་མལ་འཁྲུལ་སྣང་ལྷ་དང་ཡེ་ཤེས་སུ། །ཡོངས་ཤར་གྲུབ་པའི་དབང་པོར་གསོལ་བ་འདེབས། །བརྩེ་ཆེན་བརྙེས་པ་བཟང་པོའི་རིང་ལུགས་ལ། །གཞན་དྲིང་མི་འཇོག་ཤེས་ནས་དད་ཐོབ་བཞིན། །རིས་མེད་བསྟན་ལ་དག་པའི་སྣང་བ་ཡིས། །བསྔགས་པའི་མེ་ཏོག་འཐོར་ལ་གསོལ་བ་འདེབས། །རབ་འབྱམས་ལྷག་པའི་ལྷ་ཡིས་རྗེས་བཟུང་ཞིང༌། །ཇི་ལྟ་ཇི་སྙེད་ཤེས་བྱ་ཀུན་མཁྱེན་ཀྱང༌། །ཡོན་ཏན་སྦས་པའི་ངང་ཚུལ་ལྷུར་མཛད་ཕྱིར། །རྣམ་ཐར་བསམ་མི་ཁྱབ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིས་ནི་བསྟན་པའི་སྙིང་པོ་སྡེ་སྣོད་གསུམ་གྱི་ཉམས་སུ་བླང་བྱ་བསླབ་པ་རིན་པོ་ཆེ་རྣམས་