[A:༢༩༧]ལ་ཉམས་བཞེས་སྙིང་པོར་མཛད་པ་ལ་བརྟེན་ནས། སྤངས་པ་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ལ་དབང་བསྒྱུར་ཞིང༌། དེ་དག་གི་ངོ་མཚར་ཆ་ཤས་ཙམ་ཡང་སོ་སོ་སྐྱེ་བོའི་བློ་གྲོས་ཀྱིས་བརྗོད་པར་མི་ནུས་མོད། འོན་ཏེ་རགས་རིམ་ཙམ་བརྗོད་ན། སྤྱིར་ནི་ཡང་སྲིད་སྔ་མ་རྣམས་ནས་དགེ་བ་ལ་གོམས་པ་བརྟས་པའི་ཤུགས་ཀྱིས་སྐུ་ན་ཆུང་ངུའི་དུས་ནས་ཀྱང་རང་བཞིན་གྱིས་ཁ་ན་མ་ཐོ་བ་ཅི་ཡང་མི་མཛད་ན། སྐུ་ནར་སོན་ཞིང་བསླབ་པ་རིན་པོ་ཆེ་རྣམས་ཞལ་གྱིས་འཆེས་ཚུན་ཆད་ནས་དེ་རྣམས་དང་འགལ་བ་ལྟ་ཅི་སྨོས། ཁྱད་པར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་བསྟན་པའི་གཞི་མ་ཡིན་པར་དགོངས་ནས། དགག་སྒྲུབ་གནང་གསུམ་གྱི་བསླབ་བྱ་ཕྲ་ཞིང་ཕྲ་བ་རྣམས་ཀྱང་སྤྱན་གྱི་འབྲས་བུ་ལྟར་གཅེས་པར་བསྐྱངས་ཏེ་བླང་དོར་ཚུལ་བཞིན་དུ་མཛད་ཅིང༌། དེ་ལ་བརྟེན་ནས་ལྟུང་བ་ཆེ་བའི་རིགས་ལྟ་ཅི། ཉེས་པ་ཤིན་ཏུ་ཕྲ་ཞིང་ཕྲ་བས་ཀྱང་མ་གོས་པར་བརྟེན་སྐུ་ལུས་ལས་ཀྱང་སྦྱར་བའི་སྤོས་བཟང་པོ་དང༌། ཀཥྨཱི་རའི་གུར་གུམ་དང༌། ག་བུར་དང༌། ཙན་དན་ལ་སོགས་པའི་ཕུན་སུམ་ཚོགས་པའི་དྲི་གང་གིས་ཀྱང་མཚོན་དུ་མེད་ཅིང༌། དེ་དག་ཟིལ་གྱིས་གནོན་ནུས་པའི་ཚུལ་ཁྲིམས་ཀྱི་དྲི་བསྲུང་ཞྀམ་པོ་རྒྱང་རིང་དུ་འཐུལ་བ་དང༌། གང་དུ་བཞུགས་པའི་གནས་ཁང་དང༌། ན་བཟའ་དང༌། སྐུ་ཆས་ཐམས་ཅད་ལའང་ཡུན་ཆེས་རིང་པོའི་བར་དྲི་བཟང་པོས་ཁྱབ་པ་ནི་ཐམས་ཅད་ལ་མངོན་སུམ་དུ་སྣང་བ་འདི་ཡིན་ལ། རྒྱུ་མཚན་དེའི་ཕྱིར་ན་བཙུན་པ་བརྟན་པའི་ཡོན་ཏན་དང༌། མཁས་ཤིང་ཕན་འདོགས་པའི་ཡོན་ཏན་ཐམས་ཅད་ལྷུན་གྱིས་གྲུབ་པའི་རྗེ་བཙུན་དམ་པ་འདི་ནི་སྔོན་གྱི་འཕགས་པ་དགྲ་བཅོམ་པ་རྣམས་དང་ཚུལ་མཚུངས་པ་ཡིན་ནོ། །དེར་མ་ཟད་བདག་ཅག་གི་དཔལ་ལྡན་བླ་མ་དམ་