[A:༣༠༣]བཞུགས་སྙམ་པའི་གསལ་སྣང་འཁྲུངས་པ་ཕྱིས་ཐོག་ཏུ་ཁེལ་ཞིང༌། སྤྱིར་ཡང་སྔ་ཕྱི་ལན་དུ་མར་མནལ་ལམ་དུ་རྗེས་སུ་བཟུང་ཞིང་དབུགས་དབྱུང་བས་བྱིན་རླབས་ཀྱི་མཚན་མ་མང་དུ་བརྙེས་པ་མངོན་སུམ་གྱིས་གྲུབ་པ་དང༌། ཡང་མདོ་ཁམས་སུ་ཐོག་མར་ཕེབ་པའི་ཚེ་སྡེ་དགེ་སྨད་ཤོད་རྫོང་སར་དགོན་ངོས་ཀྱི་ས་ཕྱོགས་དང༌། རྒ་སྟོད་ཀྱི་ཁྲི་འདུ་སྐལ་བཟང་དགོན་པའི་ཐད་ཀྱི་ས་ཕྱོགས་དང༌། རྫ་ཁོག་སྟེ་དེ་གསུམ་གྱི་ཡུལ་ཕྱོགས་དང༌། དགོན་པ་སོགས་ཇི་ལྟ་བ་བཞིན་འདི་དང་འདི་ལྟ་བུ་ཡོད་སྙམ་པའི་སེམས་ལ་ས་ལེར་འཆར་བ་ཞིག་ཡོད་གསུང་བ་དང༌། དེའི་རྒྱུ་མཚན་ཅི་ལགས་ཞུས་པ་ན། ཚེ་སྔ་མའི་བག་ཆགས་ཞིག་ཡིན་པ་འདྲ་ཙམ་ལས་མི་གསུང་ཡང༌། དོན་ལ་སྐུ་ཚེ་སྔ་མའི་གནས་ཚུལ་མཐའ་དག་ཚུལ་བཞིན་དུ་མཁྱེན་པའི་གཏན་ཚིགས་ཁྱད་པར་ཅན་ཞིག་ཡོད་པར་གོར་མ་ཆག་པ་དང༌། ཡང་མདོ་ཁམས་སུ་བྲག་རྫོང་མའི་སྐུ་མཚམས་ཟླ་བ་གསུམ་ཙམ་བཞུགས་པའི་མཇུག་ཏུ། དེའི་སྦྱིན་སྲེག་མཛད་པའི་ཚེ་བྱ་རོག་ཅིག་ཐལ་བྱུང་དུ་བབས་ཏེ། རྗེ་འདིའི་སྐུ་མདུན་གྱི་གསོལ་ལྕོགས་ཀྱི་སྟེང་དང༌། སྐུའི་གཡས་གཡོན་དུ་ཕར་འགྲོ་ཚུར་འགྲོ་འགའ་ཞིག་བྱས་ཏེ། མཐར་རྗེ་འདིའི་གཟིམ་ཆུང་ནང་དུ་སོང་ཏེ་ཡུན་ཅུང་ཟད་ཅིག་བསྡད་དེ་སླར་འཕུར་སོང་བ་སྐུ་འཁོར་བ་དག་གིས་མཐོང་བ་དང༌། རྗེ་རང་གི་ཞལ་ནས་ཀྱང༌། ཆོས་སྐྱོང་འདི་ཤིན་ཏུ་མྱུར་བ་ཞིག་ཡིན་ཏེ། འདིའི་བསྙེན་པ་བྱེད་པའི་ཚེ་ཁྲིད་ཡིག་དང་བསྙེན་ཐབས་སོགས་ནས་འབྱུང་བ་ལྟར་གྱི་རྟགས་ཕལ་ཆེར་འོང་བ་ཞིག་ཡོད་པ་ཡིན་གསུངས་པ་ལ་དཔགས་ན་རྟགས་མཚན་ཁྱད་པར་ཅན་མང་པོ་བྱུང་བར་གདོན་མི་ཟ་བ་དང༌། ཡང་སྐབས་འགར་གནལ་ལམ་དུ་ཨ་ཙ་ར་ལག་ན་རྐང་གླིང་ཐོགས་པ་ཞིག་གིས་གླང་པོ་ཆེར་ཁལ་བཀལ་བ་ཞིག་དེད་ནས་འོང་བ་རྨིས་ལ། དེ་ནི་