[A:༣༠༢]དང༌། ཐུགས་རྒྱུད་ལ་སྔ་ན་མེད་པའི་བདེ་གསལ་མི་རྟོག་པའི་ཉམས་བསམ་གྱིས་མི་ཁྱབ་པ་སྐྱེས་པའི་སྣང་བ་ཞིག་བྱུང་གསུང་བ་དང༌། ཁྲི་དེའི་དབུས་སུ་ཐུབ་པའི་དབང་པོ་བཞུགས་པ་མ་མཐོང་བ་ནི་ལུང་རྟོགས་ཀྱི་བསྟན་པ་ཉམས་དམའ་བ་འདི་ལ་བལྟ་བ་འདྲ་གསུང་ཞིང༌། ཐུབ་དབང་གནས་བཅུ་དང་བཅས་པའི་བྲིས་ཐང་ཡང་གསུམ་བཞི་ཙམ་བཞེངས་པར་མཛད་པ་དང༌། ཨེ་ཝྃ་པའི་མཁན་ས་ཞལ་འཛིན་གནང་བའི་སྐབས་ཤིག་གནལ་ལམ་དུ་ལྷ་ལྡན་གྱི་ཕྱོགས་ཐམས་ཅད་ཐལ་རླུང་ལྟ་བུ་ཞིག་གིས་གང་བར་རྨིས་པས། ཕྱོགས་དེར་མི་བདེ་བ་ཞིག་འོང་བ་འདྲ་ཞེས་གསུངས་པ་བཞིན་དུ་ཕྱིས་ལྷ་ལྡན་དུ་སྐྱེ་མཁར་ལྕོག་སྤེ་བ་དང༌། ཚེ་སྨོན་གླིང་པ་སོགས་འཁྲུགས་འཛིངས་སྣ་ཚོགས་པ་ཞིག་བྱུང་བ་དང༌། ཡང་དེ་སྐབས་ཤིག་གི་མནལ་ལམ་དུ། ས་སྐྱའི་ཕྱོགས་ཐམས་ཅད་ན་བུན་ལྟ་བུ་ཞིག་གིས་གང་བར་རྨིས་པས་དེར་ཡང་མི་བདེ་བར་ཞིག་འོང་བ་འདྲ་གསུངས་པ་བཞིན་དུ་སྐུ་ངོ་ཁག་རྣམས་ཐུགས་མཐུན་མིན་སྣ་ཚོགས་པ་ཞིག་བྱུང་བ་དང༌། ས་སྐྱ་ནས་ཡབ་རྗེ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོས་རྗེ་འདི་མཁན་ཆེན་ནམ་མཁའ་བསམ་གྲུབ་ཀྱི་རྣམ་འཕྲུལ་ཡིན་ཅེས་གསུངས་ཤིང༌། རྗེ་རང་གིས་ཀྱང་དམིགས་བསལ་གྱི་ཞལ་གསར་རང་མི་མཛད་རུང༌། དེ་ལྟར་ཡིན་རྩིས་འདྲ་ཞིག་མཛད་ཀྱི་ཡོད་པ་དང༌། རྗེ་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོས་ཀྱང་རྡོ་རྗེ་འཆང་འདི་ཉིད་ལས་སྨིན་བྱེད་ཀྱི་ཐོག་མ་འཁོར་ལོ་བདེ་མཆོག་ནག་པོ་སྤྱོད་པའི་ལུགས་ཀྱི་དབང་བཀའ་གསན་པའི་བུམ་དབང་གི་སྐབས་དཔལ་འཁོར་ལོ་སྡོམ་པ་ཞལ་ཕྱག་ཡོངས་རྫོགས་ཀྱི་སྐུར་ལམ་གྱིས་གཟིགས་པས་རྐྱེན་བྱས། དེ་ཕྱིན་རྗེ་འདི་ཤྲཱི་ཙཀྲ་སམྦར་དང་དབྱེར་མེད་པའི་མུས་ཆེན་སེམས་དཔའ་ཆེན་པོའི་རྣམ་འཕྲུལ་དུ་ངེས་པའི་ཐུགས་དད་བརྟན་པོ་དང༌། སྐུ་ཚེའི་ཚད་ཀྱང་དེ་ལས་ལྷག་པར་